ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྱི་ཟླ་10པའི་ཚེས་16ཉིན་པེ་ཅིན་དུ་འཚོག་རྒྱུའི་གྲོས་འགོ་བཏོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


སྤྱི་ཟླ་8པའི་ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2022ལོའི་ཟླ་10པའི་ཚེས་9ཉིན་པེ་ཅིན་དུ་འཚོག་རྒྱུའི་གཏན་འབེབས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་2022ལོའི་ཟླ་10པའི་ཚེས་16ཉིན་པེ་ཅིན་དུ་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་རེད།

ཚོགས་འདུའི་ཐོག །ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་ཞིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་།

མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། འདས་པའི་ལོ་5རིང་གི་ལས་ཀར་ཕྱོགས་བསྡོམས་ནན་ཏན་བྱེད་པ། དུས་རབས་གསར་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། བྱ་སྤྱོད་ཀྱི་རྩ་འཛིན་དང་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གཏན་འབེབས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་ཆེར་གཏོང་བ་དང་། གཞུང་དྲང་གསར་གཏོད་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། “གནས་ལྔ་གཞི་གཅིགགི་སྤྱིའི་བཀོད་སྒྲིག་ལ་མུ་མཐུད་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའིའཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ངེས་པ་དོན་གྱིས་མི་དམངས་ཡོངས་ཐུན་མོང་ངང་ཕྱུག་འགྱུར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཏང་གི་འཛུགས་སྐྲུན་གྱི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་སྤེལ་ནུས་ལྡན་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་ནན་གྱིས་བསྟན། 

ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་རེད། 

ཚོགས་འདུའི་ཐོག །མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་ཡོད་པས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་མུ་མཐུད་ཏན་ཏིག་སྤེལ་ནས་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་རྒྱུ་འགན་ལེན་བྱེད་དགོས་ཞེས་བསྟན། 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1