ཝང་ཞའོ་ཧུའེ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་གཟིགས་སྐུལ་སློབ་སྟོན་གནང་སྐབས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


ངེས་པ་དོན་གྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ནས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཤིང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

མིག་སྔར་རང་རེའི་ཞིང་ཆེན་ནི་ཏོག་གསར་གློ་ཚད་རིམས་ནད་དང་འཐབ་རྩོད་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་རེད། སྤྱི་ཟླ་9པའི་ཚེས་2ཉིན། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཁྲེང་ཏུའུ་རུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་གཟིགས་སྐུལ་སློབ་སྟོན་གནང་བ་དང་། རིམས་འགོག་གཡུལ་སའི་ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཐོག་ལ་ནད་པ་མེད་པར་བཟོ་བའི་དམིགས་ཚད་གང་མགྱོགས་ངང་མངོན་འགྱུར་བྱ་རྒྱུར་དམིགས་ནས། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་དང་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དེར་རྒྱལ་ཁ་ལེན་དགོས་ཞེས་ནན་གསུང་གནང་། 

ཞིབ་བཤེར་དང་གཟིགས་སྐུལ་སློབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད། ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་དེ། ལས་གནས་བརྟན་པོར་སྲུང་བའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྨན་བཅོས་མི་སྣ། སྡེ་ཁུལ་ལས་བྱེད་པ། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ། སྤྱི་པའི་འགྲིམ་འགྲུལ་ལས་གཉེར་མི་སྣ། ཕྱིར་ཚོང་སྡེབ་སྐྱེལ་མི་སྣ། དང་བླངས་པ་སོགས་ལས་ཡུལ་དངོས་ཀྱི་མི་སྣར་འཚམས་འདྲི་གནང་བར་མ་ཟད། རིམས་འགོག་ལས་དོན་ལ་རྒྱབ་སྐྱོར་དང་། བསམ་ཤེས། གཞོགས་འདེགས་བཅས་བྱེད་མཁན་གྱི་རྒྱ་ཆེའི་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་དཀའ་གནད་མཉམ་སྒྲོལ་དང་དུས་ངལ་མཉམ་སེལ་གྱིས་རེས་སྐོར་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་སྔ་ཙམ་ལེན་རྒྱུའི་ཐུགས་རེ་གནང་།

དེ་རིང་ནི་ཁྲེང་ཏུའུ་གྲོང་ཁྱེར་གྱིས“གྲོང་མི་ཡོངས་རྩ་དོན་ཐོག་ཁྱིམ་དུ་སྡོད་པ”ལག་བསྟར་བྱེད་པའི་ཉིན་དང་པོ་དེ་ཡིན་ཞིང་། མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་གང་འདྲ་ཡིན་མིན་ཐད་ཝང་ཞའོ་ཧུའེ་ཡིས་དོ་ཁུར་ཆེན་པོ་གནང་། ཧྲོང་ལིའུ་ཆུས་སུ་གནས་པའི་ཁྲེང་ཏུའུ་ཞིང་ལས་ཐོན་རྫས་ལྟེ་གནས་ཀྱི་སྡེབ་ཚོང་ཁྲོམ་རར་ཟོག་འདྲེན་རླངས་འཁོར་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་བཞིན་ཡོད་དེ། སྔོ་ཚལ་དང་འབྲུ་སྣུམ་སོགས་དངོས་ཟོག་སྣ་ཚོགས་གནས་དེ་ནས་ཚོང་ར་ཆེ་གྲས་ཁག་ཏུ་གཏོང་བཞིན་ཡོད་པ་རེད། ཁོང་གིས་དེ་གར་ཕེབས་ནས་ཉེ་ཆར་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་བཀོད་སྒྲིག་དང་། སྔོ་ཚལ། ཆུ་ཐོན་དངོས་རྫས་སོགས་ཉོ་ཚོང་མཁོ་སྤྲོད་ཀྱི་སྙན་ཞུར་གསན་པ་དང་། ཉོ་ཚོང་ཁུལ་དུ་ཕེབས་ནས་ཟོག་ཁུངས་རྩ་འཛུགས་དང་། མཁོ་སྤྲོད་བྲིན་ཚོང་། རིན་གོང་། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཝང་ཞའོ་ཧུའེ་ཡིས་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཀྱིས་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལ་གཞོགས་འདེགས་བྱས་ནས་ཁྱིམ་དུ་སྡོད་སྐབས་སེམས་ཁུར་ཆེ་ཤོས་ནི་བཟའ་སྡོད་དང་འབྲེལ་བ་ཡོད་པའི་དངོས་ཟོག་འདང་ངེས་ཡོད་མེད་དེ་རེད། གཙོ་གནད་འཚོ་བའི་དངོས་ཟོག་གཏོང་འདྲེན་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་ནས་ཤ་རིགས་དང་། སྒོ་ང་། འོ་མ། ཉ་རིགས། སྔོ་ཚལ། འཚོ་བའི་མཁོ་ཆས། འཐུང་ཆུ། རྡོ་སོལ་དང་གློག་ཤུགས། སྣུམ་རླངས་བཅས་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས“ཚལ་སྡེར”དང་།“འབྲས་ཁུག”“སིལ་ཏོག་སྡེར་མ”བཅས་མཁོ་སྤྲོད་བདེ་འཇགས་དང་། རིན་གོང་བརྟན་པོ་དང་སྤུས་ལེགས་ཡོང་བའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་བློ་བདེའི་ངང་དངོས་ཟོག་ཧབ་ཐོབ་མི་རྒྱག་པ་བྱས་ཏེ། ནུས་ལྡན་ངང་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྤྱི་ཚོགས་ཐོག་ནད་པ་མེད་པར་བཟོ་བ་སྔ་ཙམ་མངོན་དུ་འགྱུར་ཆེད་ཆ་རྐྱེན་བཟང་པོ་གཏོད་དགོས་ཞེས་གསུངས། །

  

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1