བབ་བཟོ་གདོད་མའི་ནགས་ཚལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཤར་ཕྱོགས་བབ་བཟོ་ཡུལ་ཚོ་ལྟེ་བ་བྱས་པའི་ས་ཁུལ་སྟེ། ཟུང་ཀན་གནའ་ལམ(松甘古道)གྱི་ལྗོངས་ཁུལ་དུ་ཆགས་ཡོད། ནགས་ཚལ་ཀྱིས་སའི་རྒྱ་ཁྱོན་མུའུ་གྲུ་བཞི་མ་ཁྲི་བཞི་བཅུ་ལྷག་ཟིན་ཡོད་པས། རྔ་ཁུལ་གྱི་ནགས་ཚལ་ཆེ་བའི་ས་ཁུལ་ཞིག་ཡིན་པར་མ་ཟད། འབྲུ་ཆུའི་འགོ་ཁུངས་བྱེ་བྲག་པ་ཞིག་ཀྱང་ཡིན། ཤར་ཕྱོགས་སུ་མི་ཡུལ་གྱི་དག་ཞིང་དུ་འབོད་པའི་གཟི་ཚ་སྡེ་དགུ་རྫོང་སྟག་ལོ་ཡུལ་ཚོ་དང་སྦྲེལ་ཞིང་། ལྷོ་ཕྱོགས་སུ་གནའ་མཁར་ཟུང་ཆུ་རྫོང་གི་བཙན་མདོ་དང་ཧུང་ཡོན་རྫོང་གི་རྨེ་བ་ཡུལ་ཚོ་དང་འདབ་སྦྲེལ། ནུབ་ཕྱོགས་དཔལ་སྐྱིད་གྲོང་བརྡལ་དང་བྱང་ཕྱོགས་སུ་ཆོས་རྗེ་ཡུལ་ཚོ་བཅས་དང་སྦྲེལ་ནས་ཡོད། ཡུལ་གྲུ་འདིར་རི་བོ་གཟར་ཞིང་ལུང་ཕྲན་མང་བ། ནགས་ཚལ་གྱི་རྫོངས་མཐུག་ཅིང་རིགས་ཀྱི་དབྱེ་བ་མང་བ། འདིས་ཁོར་ཡུག་ལ་མཛེས་པ་བསྐྲུན་ཅིང་སྲོག་ཆགས་སྣ་ཚོགས་ཀྱི་གཞིས་ཁྱིམ་ལྟ་བུར་ཆགས་ཡོད། ལྟ་ན་སྡུག་ཅིང་ཉམས་སུ་དགའ་བ་སོགས་ཡུལ་ཕྱོགས་གཞན་ནས་ཐོན་པའི་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད། ལོ་རྒྱུས་སྟེང་དུའང་ནགས་ཚལ་འདིར་མེ་སྐྱོན་དང་ཆག་འཇིགས་སོགས་བྱུང་རབས་གང་ཡང་མེད་པས་ལོ་རྒྱུས་ཀྱི་ཕུ་རིང་ཞིང་འགོག་སྲུང་གི་ནུས་པ་བླ་ལྷག་གིས་མཐོ། ནགས་ཚལ་འདིའི་སྡོང་པོ་ཆེ་གྲས་ནི་གསོམ་སྡོང་དང་ཤུག་པ་ལྟ་བུ་དང་གཞན་མིང་གིས་མི་ལང་བའི་ཤིང་ཕྲན་རིགས་སྣ་ཚོགས་ཀྱིས་ཁྱབ་ཡོད། དེ་དག་སྟུག་པོར་འཁྲིགས་པའི་ཁྲོད་དུ་ཡུལ་གྲུ་གཞན་དུ་མཐོང་བར་དཀོན་པའི་རྒྱལ་ཁབ་རིམ་པས་སྲུང་སྐྱོབ་ཐོབ་པའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱིས་གང་ཡོད། དམངས་གཙོ་བསྒྱུར་བཅོས་མ་བྱས་པའི་ཡར་སྔོན་དུ་བབ་བཟོ་གདོད་མའི་ནགས་ཚལ་ཞེས་པའི་མིང་གི་ཐ་སྙད་དེ་མེད་ན་ཡང་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་ཞིང་དེ་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཤིན་ཏུ་བརྟན། ལྷག་དོན་བབ་བཟོ་མདའ་ཆེན་དགོན་པའི་དབུ་བླ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གི་སྐབས་སུ་དགོན་གྲོང་གཉིས་ཀའི་མི་དཔོན་རྣམས་ཀྱིས་རི་རྒྱ་ཀླུང་རྒྱ་ཞེས་པའི་ཡུལ་སྲོལ་བཞག་ནས་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་ལུགས་སྲོལ་ལག་བསྟར་བྱས་ཡོད་པ་དང་། གཞན་ཡང་རི་གཉན་ས་བདག་སོགས་ལ་ཆོས་ལུགས་ཀྱི་འདུ་ཤེས་བརྟན་པོ་ཡོད་པས་དགོས་མེད་དང་མི་སྒེར་གྱི་ཁེ་ཕན་སོགས་ལ་དམིགས་ནས་ནགས་ཚལ་ལ་གཏོར་བཤིག་བཏང་བའི་སྲོལ་ཞིག་གཏན་ནས་མེད།
ཤིང་སྡོང་གི་རིགས་དབྱེ།
ལྗང་མདོག་གི་མཛེས་པ་ལྡན་ཞིང་གཞི་ཁྱོན་གྱི་རྫོངས་ཁ་མཐུག་པའི་ནགས་ཚལ་འདི་ནི་ཤིང་སྡོང་ངམ་སྡོང་ཕྲན་རེ་རེ་ལས་གྲུབ་ཅིང་དེ་དག་ལ་རིགས་ཀྱི་དབྱེ་བ་ཤིན་ཏུ་མང་། ཀྲུང་གོ་རྒྱལ་ནང་གཅིག་པུར་ཡང་སྡོང་པོ་རིགས་མི་འདྲ་བ་སྟོང་ཕྲག་བརྒྱད་ལྷག་ཡོད་པར་བཤད། བབ་བཟོ་གདོད་མའི་ནགས་ཚལ་ནི་སྤྱིའི་ཆ་ནས་ཉིན་ཕྱོགས་སུ་ཤུག་པ་དང་སྲིབ་ཕྱོགས་སུ་གསོམ་སྡོང་དང་སྦྱར་དང་སྲེག་སོགས་ཀྱིས་ཁྱབ་ཡོད། ཤུག་པ་ལ་ཤུག་དཀར་དང་ཤུག་དམར་གཉིས་སུ་དབྱེ། དེ་ནི་ཤུག་སྡོང་བཅད་ནས་འཚོ་བའི་ཡོ་བྱད་བཟོ་བའི་དུས་སུ་ཁ་དོག་གི་ལེགས་ཉེས་ཀྱིས་ཕྱེ་བ་ཞིག་ཡིན། སྡོང་པོའི་སྐོར་ནས་གསོམ་ཤུག་དང་འབྲུ་ཤུག །ཚེར་ཤུག །ཤུག་པ་སྤ་མ་སོགས་ཡོད། གསོམ་ཤུག་ནི་ཡལ་ག་མང་ཞིང་ལོ་མ་འཇམ་པ། བཀོལ་རྒྱ་ཆེ་ཞིང་མཁོ་སྤྲོད་ཀྱི་ནུས་པ་མཐོ་བ། བབ་བཟོའི་ཕྱོགས་སུ་ཆེས་མང་བའི་ཤུག་པའི་རིགས་ཀྱང་ཡིན། འབྲུ་ཤུག་ནི་བསང་ཕུད་པ་དང་བསང་རྫས་བཟོ་བའི་ནང་དུ་བཀོལ་སྤྱོད་བྱེད་པ་སོགས་ཤུག་པའི་ནང་ནས་ཀྱང་རིགས་དཀོན་པོར་རྩི་ཞིང་ཅུང་རྩིས་ཆེན་དུ་འཛིན། རིགས་འདི་ནི་གསོམ་ཤུག་དང་བསྡུར་ན་གྲངས་ཀ་ཉུང་ཞིང་ཉིན་ཕྱོགས་ཀྱི་རི་ངོས་མཐོ་སར་སྐྱེ། སྡོང་པོ་མཛེས་ཤིང་གཡུ་མདོག་རྒྱས་པ། ཡལ་འདབ་ཟླུམ་ཤིང་ལོ་མ་འཇམ་པ། དྲི་ཞིམ་ཐུལ་བ་སོགས་ཀྱི་ཁྱད་ཆོས་ལྡན། འདི་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་དགོས་པར་བསམ་ཏེ་གྲངས་ཀ་ཉུང་ཞིང་སྐྱེ་རྒྱུན་ཤིན་ཏུ་དཀོན་པའི་རིགས་སུ་གཏོགས་ཡོད། ཚེར་ཤུག་ནི་གསོམ་ཤུག་དང་ཁྱད་པར་ཆེན་པོ་མེད་མོད་ལོ་མ་ནི་ཚེར་མའི་རྣམ་པར་ཡོད་པས་ཚེར་ཤུག་ཅེས་པར་གྲགས། ཡུལ་སྐད་དུ་ཤུག་ཚེར་ཞེས་ཀྱང་བྱ། ཤུག་པ་འདིའི་རིགས་ནི་ཞི་རྒྱས་ཀྱི་ཆོ་གའི་ཕྱོགས་ལ་མི་བཀོལ་ཞིང་གཙོ་བོ་དྲག་པོའི་ལས་སྦྱོར་ལ་སྤྱོད་པ་ཤུགས་ཆེ། འཚོ་བའི་ཡོ་བྱད་ཀྱི་ཕྱོགས་ནས་བསོམ་ཤུག་དང་འདྲ་བར་རྒྱུག་ཆེ་བའི་རིགས་ཤིག་ཡིན། ཤུག་པ་སྤ་མ་ནི་གྲངས་ཀ་ཉུང་ཞིང་ཤུག་སྡོང་གཞན་ལྟར་དྲང་པོར་སྐྱེས་མེད་པར་བྲག་ངོས་སོགས་སུ་ཕྲད་དུ་སྐྱེས་པ་ཞིག་ཡིན། འདི་ལ་གྲིབ་སེལ་གྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་བཤད།
གཞན་སྲིབ་ཕྱོགས་ནགས་ཚལ་ལས་གསོམ་སྡོང་ནི་བབ་བཟོའི་ནགས་ཚལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། བཀོལ་རྒྱ་ཡང་ཧ་ཅང་ཆེ་ཞིང་རང་བཞིན་སྙི་ལ་མཉེན་པ་ཞིག་ཡིན། སྡོང་པོ་འདི་ནི་བུད་ཤིང་བྱས་ན་དྲོད་ཆུང་ཞིང་ཁང་བའི་ཀ་བ་བྱས་ན་སྙི་དྲག་པའི་དབང་གིས་གཏམ་དཔེ་ལའང་ཤིང་གསོམ་པས་ཆུ་མི་ཞེས་ཟེར་ནས་ཤིང་སྡོང་རིགས་ཅུང་ངན་པ་ཞིག་ཏུ་བརྩི་བའི་སྲོལ་ཡོད། སྦྱར་སྡོང་ནི་ནགས་ཚལ་གྱི་ཁྲོད་དུ་ཉུང་ཉུང་ལས་མེད་མོད་གཞུང་ཤིང་དྲང་ལ་ཡལ་ག་ཉུང་བ། སྲ་སྙི་འབྲིང་ཙམ་པ་སོགས་ཀྱི་ཁྱད་ཆོས་ལྡན། སྲ་སྡོང་ངམ་སྲེགས་སྡོང་ནི་ལོ་འདབས་དང་ཡལ་ག་ཉུང་ཞིང་གཞུང་ཤིང་དྲང་བ། རང་བཞིན་སྲ་ཞིང་ཁྲེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། ཁང་པའི་ཀ་བ་སོགས་ཡོ་བྱད་རྒྱུ་ཆ་རིན་ཐང་ཅན་ཞིག་ཏུ་བརྩི་བའི་སྲོལ་ཡོད། བུད་ཤིང་བྱེད་ནའང་མེ་དྲོད་ཤིག་ཏུ་ལྡན་པ་ཞིག་ཏུ་བྱས། གཞན་སྟག་པ་ནི་རང་བཞིན་སྲ་ཞིང་གཞུང་ཤིང་དྲང་བ། འཚོ་བའི་ཡོ་བྱད་བཟོ་བའི་རྒྱུ་ཆ་བཟང་པོ་ཞིག་ཡིན་ཞིང་། མང་ཕྱོགས་སྲིབ་ཕྱོགས་སུ་སྐྱེས་ཡོད། གཡེར་སྡོང་ནི་སྡེ་པའི་ཉེ་འདབས་སུ་སྐྱེས་ཤིང་གཙོ་བོ་བཙུགས་སྡོང་གི་རིགས་སུ་གཏོགས། ལྕང་མ་ལ་རིགས་ཤིན་ཏུ་མང་ཞིང་བབ་བཟོའི་ཡུལ་ལུང་ཀུན་ཏུ་ཁྱབ་པའི་ཤིང་ཕྲན་ཞིག་ཀྱང་ཡིན། འདི་ནི་རང་བཞིན་སྙི་ཞིང་མཉེན་པ་དང་རུ་བའི་ར་བ་སོགས་ལ་བཀོལ་རྒྱ་ཤིན་ཏུ་ཆེ་བའི་རིགས་ཤིག་ཡིན། ཚ་རུ་ནི་གྲངས་ཀ་ཉུང་ཞིང་སྲ་མཁྲེགས་ཀྱི་རིགས་སུ་གཏོགས་པའི་ཤིང་ཕྲན་དཀོན་པོ་ཞིག །སྟ་རེ་སོགས་ཡོ་བྱད་ཀྱི་ཡུ་བ་བྱེད་ན་ཧ་ཅང་བཟང་། སྤུན་མ་དང་གླང་མ་ལྟ་བུ་ནི་ས་བབ་མཐོ་སར་སྐྱེ་ཞིང་ཤིང་ཕྲན་གཞན་དང་བསྡུར་ན་གཞུང་ཤིང་ཉུང་བའི་རིགས་སུ་གཏོགས། སྨྱུག་མ་ཡང་བབ་བཟོ་གདོད་མའི་ནགས་ཚལ་གྱི་གྲུབ་ཆ་ཞིག་ཡིན་ཏེ། ཡུལ་འདིའི་སྨྱུག་མ་ནི་ནང་ལོགས་ཀྱི་ས་ཆའི་སྨྱུག་མ་ལྟ་བུ་མེད་ན་ཡང་སྲིབ་ངོས་ནགས་ཁྲོད་ཀུན་ཏུ་སྨྱུག་མས་གང་སར་ཁྱབ་ཡོད། དེ་མིན་བབ་བཟོའི་ཡུལ་གྲུ་ལྟེ་བར་བྱེད་པའི་ས་ཕྱོགས་འདིར་མིང་གིས་མི་ལང་བའི་ཤིང་ཕྲན་རིགས་སྣ་ཚོགས་ཀྱིས་གང་སར་ཁྱབ་ཡོད་པ་ལགས་སོ། །
ནགས་ཚལ་གྱི་ཕན་ནུས།
ནགས་ཚལ་ནི་མིའི་རིགས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་ཅིང་ཕན་ནུས་ཀྱང་ཤིན་ཏུ་ཆེ་བའི་རོང་ཁུལ་གྱི་ཐོན་ཁུངས་གཙོ་བོ་ཞིག་ཡིན། ནགས་ཚལ་གྱིས་མིའི་རིགས་ལ་ཤིང་ཆ་དང་། ནུས་ཁུངས་དངོས་རྫས། རྩི་ཤིང་དང་སྲོག་ཆགས་ཀྱི་ཐོན་རྫས། རྫས་འགྱུར་བཟོ་རྫས། སྨན་རྫས་སོགས་མཁོ་འདོན་བྱེད་བཞིན་ཡོད་པ་མ་ཟད། མཁའ་དབུགས་གཙང་སེལ་བྱེད་པའི་ནུས་པ་ལྡན་སྟེ། ཤིང་སྡོང་གི་ལོ་མར་ཉི་ཟེར་འཕྲོས་པས་དབྱང་རླུང་མང་པོ་ཕྱིར་འདོན་པ་དང་ཆབས་ཅིག་དབྱང་གཉིས་ཐཱན་འགྱུར་དང་དུག་ལྡན་རླངས་གཟུགས་ཁ་ཤས་འཇིབ་སྟེ་མཁའ་རླུང་གཙང་བཟོ་བྱེད་ཐུབ། དེ་མིན་ནགས་ཚལ་གྱིས་ས་རྡུལ་འཇིབ་ཐུབ་ལ་བྱེ་རླུང་ཡང་འགོག་པར་ནུས། ཆུ་འཇིབ་པའི་ནུས་པ་མཐོ་བས་ཁོར་ཡུག་ཀྱི་སྦགས་བཙོག་དང་ཐན་པ་སོགས་ཀྱང་འགོག་ཐུབ། ནགས་ཆེ་བའི་ས་ཁུལ་དུ་རང་བྱུང་གི་གནོད་པ་ཉུང་ཞིང་དཔལ་འབྱོར་གྱི་ཐོན་ཁུངས་འཛོམས་པོ་ཡོད་པ། གཞན་ནགས་ཚལ་ནི་དུས་བཞིའི་འགྱུར་བ་དང་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད་ན་ཡང་ལྗང་མདོག་གི་རྣམ་པ་ལ་དུས་ནམ་ཡང་འགྱུར་བ་མི་འདུག་པས་སའི་གོ་ལར་མཛེས་སྡུག་གི་རྣམ་པ་གཞན་ཞིག་ཀྱང་བསྐྲུན་པར་བྱས། ད་རུང་གོ་ལའི་སྟེང་ན་ཆེས་མཐོང་བར་དཀོན་པའི་སྲོག་ཆགས་སྣ་ཚོགས་ཤིག་ཀྱང་ནགས་ཚལ་ལ་བརྟེན་ནས་འཚོ་བཞིན་མཆིས་པ་ནང་བཞིན་བབ་བཟོ་གདོད་མའི་ནགས་ཚལ་གྱི་ཁྲོད་དུའང་རྒྱལ་ཁབ་རིམ་པས་སྲུང་སྐྱོབ་ཐོབ་པའི་བྱི་ལ་དོམ་ཆེན་ནམ་ཡུལ་སྐད་དུ་དོམ་ཁྲ་དང་། སྤྲེལ་དམར་རལ་པ་ཅན། ཤ་བ། གླ་བ། ཁ་ཤ ། ཤ་རྒྱ་སོགས་རི་དྭགས་ཀྱི་རིགས་དང་རྒོད་དང་གླག །ཕོ་རོག་དང་བྱ་ཝང་སྔོན་པོ། ཁུ་བྱུག་དང་འུག་པ་སོགས་འདབ་ཆགས་ཀྱི་རིགས། འཇོལ་མོ་དང་ཅོ་ག་སོགས་བྱེའུ་རིགས། སྟག་དང་གཟིག །དོམ་དང་དྲེད་མོང་ཝ་དང་སྤྱང་ཀི། གསའ་དང་གཡི་སོགས་གཅན་གཟན་གྱི་རིགས་བཅས་སྲོག་ཆགས་སྣ་ཚོགས་པ་ཞིག་བབ་བཟོ་གདོད་མའི་ནགས་ཚལ་ལ་བརྟེན་ནས་འཚོ་བཞིན་མཆིས། དེང་སང་སྟག་ཡོད་མེད་མ་ངེས་མོད། སྔོན་ཆད་སྟག་ཡོད་པའི་དངོས་བྱུང་གཏམ་རྒྱུད་མང་པོ་འདུག །གཟིག་དེང་སང་ཡང་དངོས་སུ་མཐོང་མྱོང་མཁན་མང་པོ་འདུག །དེ་མིན་གསའ་དང་གཡི་སོགས་ཡོད་པ་བདེན་མོད་ཆེད་དུ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་། གཞན་ནགས་ཚལ་གྱི་ཁྲོད་དུ་ཤ་མོང་རིགས་སྣ་ཚོགས་དང་སྨན་རྩྭའི་རིགས་སྣ་ཚོགས། ལྡུམ་བུའི་རིགས་སྣ་ཚོགས་བཅས་ཀྱང་སྐྱེ་བཞིན་ཡོད། དེ་མིན་ཁང་གཞི་ར་སྐོར་དང་འཚོ་བའི་ཡོ་བྱད། ཐ་ན་ལམ་གྱི་ཟམ་པའི་ཡས་ཆད་ནགས་ཚལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཡོང་བཞིན་ཡོད་པས་བཀོལ་སྤྱོད་ཀྱི་རིན་ཐང་ཤིན་ཏུ་ནས་ཀྱང་ཆེའོ། །
རང་བྱུང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཚུལ་གྱི་སྐོར།
རང་བྱུང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་འོས་འགན་ཞིག་ཡིན་པར་མ་ཟད། རང་རྒྱལ་ནས་ཀྱང་ལོ་རེ་བཞིན་ཟླ་2པའི་ཚེས་12ཉིན་ནི་སྡོང་འཛུགས་དུས་ཆེན་ལ་གཏན་འཁེལ་བྱས་ཡོད་པར་མ་ཟད། དངོས་གཞིའི་ཐོག་ནས《ནགས་ཚལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་གྱི་བཅའ་ཁྲིམས》ཞེས་པ་གཏན་འཁེལ་བྱས་ནས་དམིགས་བསལ་གྱིས་དང་ལེན་བྱས་ཡོད། བོད་མི་རང་ལ་མཚོན་ནའང་གནའ་ནས་རི་ཆུ་ནགས་གསུམ་ལ་འདུ་ཤེས་འཛིན་སྟངས་གཞན་ཞིག་ཡོད་དེ། སྤང་ཀོང་བསྡུས་པ་ཞེས་པ་ལས། ས་བདག་ཀླུ་གཉན་ཁྱེད་རྣམས་ལ། །ཕ་མ་སྔ་རབས་འདས་པ་ནས། །བུ་ཚ་ཕྱི་རབས་ཡན་ཆད་ཀྱི། །ས་གཉན་བརྐོས་དང་རྡོ་གཉན་བླངས། །ཆུ་གཉན་དཀྲུགས་དང་ཤིང་གཉན་བཅད། །
མ་རིག་དབང་གྱུར་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་དག་གྱུར་ཅིག །ཅེས་གསུངས་པ་ལྟར་རི་ཆུ་ནགས་ཚལ་ཐམས་ཅད་ལ་ལྷ་ཀླུ་གཉན་གསུམ་གང་རུང་གི་གཞིས་མཁར་སོགས་ཀྱི་འདུ་ཤེས་བཟུང་ནས་སྲུང་སྐྱོབ་བྱེད་པའི་སྲོལ་ཡོད་པར་མ་ཟད། ལོ་རེ་བཞིན་དུ་ཆོས་ལུགས་པའི་མི་སྣ་ཁག་གདན་དྲངས་ནས་རི་ལ་ལ་བཙས་བརྩིགས་པ་དང་རྡོ་འབུམ་སྤུངས་པ། རི་གཏེར་དང་མཚོ་གཏེར། ཀླུ་གཏེར་སོགས་བཞག་ནས་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པ་ནི་བོད་མི་རང་གི་འགྲོ་ཕྱོགས་ཁྱད་པར་བ་ཞིག་ཡིན་པས་བབ་བཟོ་ཡང་དེ་ལས་མ་འདས། དེ་མིན་སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་ཕ་མ་རྣམས་ཀྱིས་དུས་རྒྱུན་དུ་ཆུ་མིག་སློག་མི་ཉན་དེ་ནི་ཀླུ་རྒྱལ་གཙུག་ནག་རིན་ཆེན་གྱི་ཁྱིམ་གཞིས་ཡིན་ཟེར་བ་དང་སྦལ་བ་གསོད་མི་ཉན་དེ་ནི་ཀླུ་རྣམས་ཀྱི་སྒོ་ཟོག་ཡིན་ཟེར་བ། ཤིང་ཕྲན་དང་སྡོང་པོ་བཅད་མི་ཉན་དེ་ལ་ལྷ་ཀླུ་གཉན་བཙན་གང་རུང་གི་གཞིས་མཁར་དང་བླ་སྲོག་གནས་ཡོད་ཟེར་ནས་རང་གི་བུ་ཕྲུག་དག་ལ་སློབ་གསོ་དང་སྐུལ་མ་བྱས། དེ་བས་ཀྱང་དམིགས་བསལ་གྱིས་ཡུལ་ཕྱོགས་འདིར་རི་རྒྱ་ཀླུང་རྒྱ་ཞེས་པའི་ཡུལ་སྲོལ་ཞིག་ཡོད་པ་དང་། ཡུལ་སྲོལ་འདི་ནི་ཤིན་ཏུ་དམ་རྒྱ་ཆེ་ཞིང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ལ་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱང་མཆིས། གཞན་བབ་བཟོའི་ཡུལ་ལུང་འདིར་ས་ཤད་འགྲོ་ཞེས་པའི་ཤོག་ཀའི་དམག་མི་ཚང་མ་རྟ་ཞོན་ནས་ལོ་རེ་བཞིན་ས་སྲུང་དུ་འགྲོ་བའི་སྲོལ་ཞིག་ཡོད། དེ་ནི་རང་གི་ཕ་ས་ཕ་ཡུལ་འདིར་ཡུལ་ཕྱོགས་གཞན་གྱི་མིས་ས་བརྐོ་རྡོ་སློག་བྱེད་པ་དང་། ལྡུམ་བུ་སྨན་སྣ་འཐུ་བ། བྱ་གཅན་རི་དྭགས་བཤོར་བ། རྟ་ནོར་ལུག་གསུམ་རྐུ་བ། ཤིང་ཕྲན་སྡོང་པོ་བཅད་པ་སོགས་སྔོན་འགོག་བྱེད་པའི་ཆེད་དུ་དུས་བཞིའི་འགྲོས་དང་བསྟུན་ནས་ཤོག་ཀའི་དམག་མི(སྔོན་ཆད་ལོ་ན་བཅོ་བརྒྱད་ཀྱི་ཡས་དང་དྲུག་ཅུའི་མས་ཀྱི་ཤོག་ཀའི་ནང་གི་གྲོང་བའམ་སྐྱེས་པ་ཡོད་ཚད་ལ་དམག་མི་ཟེར།)རྣམས་གོ་བགོས་ཀྱིས་བདུན་ཕྲག་གཅིག་རེ་བྱས་ཏེ་རེས་འཁོར་ནས་ས་སྲུང་དུ་འགྲོ་བའི་ཐབས་ལམ་ཐུན་མོང་མ་ཡིན་པ་ཞིག་ཡིན། གལ་ཏེ་ས་ཤད་འགྲོ་བའི་སྐབས་དང་དེ་མིན་ཡུལ་མི་རྣམས་ཡར་འགྲོ་མར་འགྲོ་བྱེད་པའི་སྐབས་རྣམས་སུ་ཕྱི་ནང་སྣོད་བཅུད་ལ་གནོད་འཚེ་གཏོང་བའི་གནས་ཚུལ་འདྲ་མཐོང་ན་དོན་དག་འདྲི་གཅོད་བྱས་ནས་ཆད་པ་ནན་མོ་གཅོད་པའི་སྲོལ་ཡོད། དེའང་རང་འདོད་ཀྱིས་མི་གཞན་དག་ལ་ཆད་པ་གཅོད་ནས་རང་ཉིད་ཀྱིས་ཧམ་ཟ་བྱེད་པ་སོགས་མིན་པར་སྡེ་པ་ཚོ་པ་དང་ས་བདག་གང་རུང་གིས་ཤེས་པར་བྱ་དགོས། འདི་ལྟར་གོ་རིམ་ལྡན་ཞིང་ཚགས་དམ་པ། ཆོས་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་ཐབས་ལམ་སྣ་ཚོགས་ལ་བརྟེན་ཏེ་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཤིན་ཏུ་ནས་ཀྱང་ངོ་མཚར་ཆེ། དེང་སང་ཡང་སྔོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་སྐྱོང་བཞིན་པའི་ཐོག་དེང་རབས་ཚན་རིག་རང་བཞིན་གྱིས་ཟུར་བརྒྱན་ནས་ཕ་ཤུལ་བུས་དང་ཁབ་ཤུལ་སྐུད་པས་བཟུང་དང་འཛིན་བཞིན་པ་ལགས་སོ། །