ཧྥི་ལི་ཕིན། བེ་ཏའི་སྨན་ལྗོངས་ཕྱུག་མོ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01



ཧྥི་ལི་ཕིན་ནི་ཨེ་ཤ་ཡའི་ཤར་ལྷོའི་རྒྱུད་དེ། ཞི་བདེ་རྒྱ་མཚོ་ལྷོ་མའི་དམར་ཐིག་དང་བྱང་གི་ལྡོག་ཐིག་གཉིས་ཀྱི་བར་མཚམས་སུ་གནས་ཤིང་། མིང་ཆ་ཚང་ལ་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཅེས་བྱ། ཧྥི་ལི་ཕིན་གླིང་ཚོམ་གྱི་ས་དབྱིབས་ཕལ་མོ་ཆེ་རི་བོ་ཡིན། རྒྱལ་ཁོངས་སུ་མེ་རི་200ལྷག་ཡོད་པ་དང་། དེ་ལས་འབར་རྒྱུན་ཆད་མེད་པའི་མེ་རི་21ཡོད། ཨ་ཕཱོ་མེ་རི་ནི་རིའི་རྩེ་མོ་ཁོད་སྙོམས་པའི་རི་བོ་ཞིག་ཡིན་ཞིང་། དེའི་རྩེ་མོར་མེ་རི་འཕྱུར་ནས་གྲུབ་པའི་མཚེའུ་ཞིག་ཡོད་པ་དང་། ད་ལྟ་ཧྥི་ལི་ཕིན་གྱི་མིང་དུ་གྲགས་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཏུ་ཆགས་ཡོད། ཨ་ཕཱོ་མེ་རིའི་ལྷོ་ཕྱོགས་སུ་རྔམ་བརྗིད་ལྡན་པའི་ཐུ་དྷ་ཡ་རྦབ་ཆུ་དར་དཀར་གྱི་ཡོལ་བ་འཐེན་པ་ལྟར་གཡང་གཟར་གྱི་རི་ངོས་ནས་འབབ་ཅིང་། སྤྱི་ལོ་1936ལོར་རི་བོ་དེའི་འགྲམ་དུ་ཨ་ཕཱོ་མེ་རི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཞིང་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་བརྒྱད་ཡོད་དོ། 


ཐཱ་ཨེར་མེ་རི་ནི་འཛམ་གླིང་སྟེང་རྒྱ་མཚོའི་དབུས་ན་མཚེའུ་དང་། མཚེའུའི་དབུས་ན་གླིང་ཕྲན་ཡོད་པའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་པར་མ་ཟད། སའི་གོ་ལའི་ས་བབ་ཆེས་དམའ་ཞིང་གཞི་ཁྱོན་ཆེས་ཆུང་བའི་མེ་རི་ལའང་ངོས་འཛིན། ཐཱ་ཨེར་མེ་རིའི་རི་རྩེའི་སྲིད་ཀྱི་རིང་ཚད་ལ་སྤྱི་ལེ་25དང་ཞེང་གི་རིང་ཚད་ལ་སྤྱི་ལེ་15ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་300ཙམ་ཡོད། མེ་རིའི་འཕྱུར་མཚམས་སུ་དུས་ཡུན་རིང་པོར་ཆུ་འཁྱིལ་བས་མཚེའུ་ཆགས་ཡོད་པ་དང་། དེ་ལ་ཐཱ་ཨེར་མཚེའུ་ཞེས་འབོད་ཅིང་། ཐཱ་ཨེར་མེ་རི་ནི་ཡུལ་གྱི་བཀོད་པ་ལྷུན་ཆགས་པའི་ཐཱ་ཨེར་མཚེའུ་ཡི་དཀྱིལ་དུ་ཡོད་དོ།  

མཱ་རོན་མེ་རི་ནི་ཧྥི་ལི་ཕིན་གྱི་ཆེས་ཆེ་བའི་མེ་རི་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་མེ་རིའང་ཡིན། མེ་རི་དེའི་མཚོ་འཕགས་ལ་སྨི་2416ཡོད་པ་དང་། མཐའི་རིང་ཚད་ལ་སྨི་སྟོང་138ཡོད། སྙུང་དབྱིབས་སུ་མངོན་ཞིང་མེ་རིའི་རྩེ་མོ་མདོག་དཀར་པོའི་ཞུན་རྡོས་ཁེབས་ཡོད། རྔམ་བརྗིད་ལྡན་པའི་མེ་རི་དེ་བེ་ཏ་དང་ཆུ་འབྲས་འདེབས་སའི་བདེ་ཐང་དུ་ཀྲོང་ངེར་འགྱིངས་ཡོད་པ་དང་། ཉིན་མོར་བརྗིད་ཆགས་པའི་མེ་རེའི་རྩེ་མོར་དུ་བ་དཀར་པོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། མཚན་མོར་དུ་བའི་མདོག་དམར་པོར་མངོན་པས། དབྱིབས་ཟུར་གསུམ་ཅན་གྱི་སྒྲོན་མེ་ཞིག་སྨག་སྟུག་པའི་མཚན་ངོགས་སུ་བསྒྲོན་པ་དང་ཀུན་ནས་མཚུངས། 

ཧྥི་ལི་ཕིན་གྱི་གླིང་ཕྲན་ཉུང་ཤས་སུ་ཁོད་ཡངས་པའི་སྐམ་སའི་ཐང་བདེ་ཡོད་པ་ལས་གཞན། མང་ཆེ་བ་མཚོ་འགྲམ་གྱི་སྲིད་ཞེང་དོག་མོའི་བདེ་ཐང་ཡིན་པ་དང་། གླིང་ཕྲན་ཕན་ཚུན་བར་གཏིང་ཐུང་རྒྱ་མཚོ་དང་བྱུ་རུའི་བྲག་རྡོས་བར་བཅད་ཡོད། ཧྥི་ལི་ཕིན་གླིང་ཚོམ་གྱི་ལོགས་གཉིས་ནི་གཏིང་ཟབ་པའི་རྒྱ་མཚོ་ཡིན་ཞིང་། སཱ་མཱ་གླིང་ཕྲན་དང་མེན་ལད་ལའོ་གླིང་ཕྲན་ཤར་རྒྱུད་ཀྱི་ཧྥི་ལི་ཕིན་གྱི་མཚོ་འོག་གྲོག་རོང་གི་ཆེས་གཏིང་བའི་ཟབ་ཚད་ལ་སྨི་10479ཡོད་པ་དང་། དེ་ནི་སའི་གོ་ལའི་གཏིང་ཚད་ཆེས་རིང་བའི་གནས་ཡིན། གཞན་ཧྥི་ལི་ཕིན་ལ་གླིང་ཕྲན་སྟོང་གི་རྒྱལ་ཁབ་ཅེས་ཀྱང་འབོད་དེ། རྒྱལ་ཁབ་ཡོངས་སུ་ཆེ་ཆུང་མི་འདྲ་བའི་གླིང་ཕྲན་7107ཡོད་པ་དང་། ལི་སཱོན་གླིང་ཕྲན་སོགས་གླིང་ཕྲན་གཙོ་བོ་བཅུ་གཅིག་གིས་རྒྱལ་ཁབ་ཡོངས་ཀྱི་རྒྱ་ཁྱོན་གྱི་96%བཟུང་ཡོད། ཧྥི་ལི་ཕིན་གྱི་ས་བབ་དམའ་ཞིང་ཆར་ཆུ་མོད་པས། རི་སྐྱེས་རྩི་ཤིང་གི་རིགས་སྟོང་ལྷག་དང་། རི་སྐྱེས་སྲོག་ཆགས་རིགས་200ལྷག་ཡོད་པ་དང་། གཙོ་བོ་འོ་གསོའི་སྲོག་ཆགས་ཡིན། ཧྥི་ལི་ཕིན་དུ་ཁོད་ཡངས་པའི་བདེ་ཐང་དང་ཕུ་རིང་བའི་ལུང་གཞུང་ཤིན་ཏུ་ཉུང་། གཙོ་བོ་མཚོ་འགྲམ་གྱི་བདེ་ཐང་དང་སྐམ་སའི་ལུང་གཞུང་ཡིན་ཞིང་། དེ་ལས་མཚོ་འགྲམ་གྱི་བདེ་ཐང་ཐ་ཐོར་དུ་གནས་ཤིང་། ཞེང་གི་རིང་ཚད་ལ་ཆེས་རིང་ནའང་སྤྱི་ལོ་15ལས་མེད་པས་ཤིན་ཏུ་དོག །བདེ་ཐང་དེ་དག་ཏུ་གཙོ་བོ་བུར་ཤིང་འདེབས་འཛུགས་བྱེད་བཞིན་ཡོད། སྐམ་སའི་ལུང་གཞུང་ནི་གཙོ་བོ་ས་དབྱིབས་གས་སྲུབས་ཀྱི་མཚམས་དང་གཙང་པོའི་འབབ་རྒྱུན་དུ་ཡོད་པ་དང་། གནས་དེ་དག་ཏུ་ཞིང་ལས་ཤིན་ཏུ་དར། གནའ་དཔྱད་ལྟར་ན། ལི་སཱོན་གླིང་ཕྲན་བྱང་ཕྱོགས་ཀྱི་ཁ་གྷ་ཏན་ཐང་ཆེན་དུ་ལོ་ཁྲི་50སྔོན་ནས་མིའི་རིགས་ཀྱི་འཚོ་སྡོད་བྱས་མྱོང་བ་དང་། གཉུག་མིའི་མི་རིགས་གཙོ་བོ་ནི་མཱ་ལེ་མི་རྒྱུད་ཡིན་པར་བཞེད། སི་ཕེན་གྱི་མི་དག་གནས་འདིར་ཐོན་རྗེས། རྒྱ་གར་དང་ཀྲུང་གོ། འཇར་པན་སོགས་ཀྱི་ཚོང་ལས་སྤེལ་རེས་ལ་བརྟེན་ནས་དུ་ཐའི་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ད་ལྟའང་ཨེ་ཤ་ཡའི་དུ་ཐའི་ཐོན་ལས་ཁུལ་ཆེས་ཆེན་པོར་གྱུར་ཡོད། དབུས་རྒྱུད་བདེ་ཐང་གི་ས་ཞིང་གཤིན་པ་ལས་ཆུ་འབྲས་དང་བུར་ཤིང་གི་སྨིན་ལེགས་པས། ཧྥི་ལི་ཕིན་གྱི་འབྲུ་མཛོད་དུ་བསྔགས་སོ།  

གནའ་དཔྱད་དང་ལོ་རྒྱུས་ཞིབ་འཇུག་གི་དཔྱད་འབྲས་ལྟར་ན། དུས་རབས་བཅུ་བཞིའི་སྔོན་དུ་ཧྥི་ལི་ཕིན་དུ་གཙོ་བོ་གཉུག་མའི་ཚོ་བ་དང་གནས་སྤོ་མི་རིགས་མང་པོས་བཅད་བཟུང་གི་རྣམ་པས་ལོ་རྒྱུས་ཀྱི་རྒྱུན་བསྐྱངས་ཤིང་། སྤྱི་ལོ་1521ལོར་མད་ཀྲེ་ལོན་གྱིས་གནས་འདིར་སི་ཕེན་གྱི་དམག་དྲངས་པ་དང་། སྤྱི་ལོ་1565ལོར་སེ་ཕེན་གྱིས་ཧྥི་ལི་ཕིན་ལ་བཙན་འཛུལ་བྱས། 1898ལོར་རང་བཙན་ཁྱབ་བསྒྲགས་བྱས་ནས་ཧྥི་ལི་ཕིན་གྱི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། 

ཧྥི་ལི་ཕིན་གྱི་དཔལ་འབྱོར་གཙོ་བོ་ཞིང་ལས་ཡིན་ཞིང་། ཞིང་ལས་གཉེར་མཁན་གྱིས་མི་གྲངས་སྤྱིའི་20%ཟིན། བེ་ཏ་དང་བུར་ཤིང་། དུ་ཐ། སོ་མ་ཀེ་མ་བཞི་ནི་ཧྥི་ལི་ཕིན་གྱི་ཞིང་ལས་ཀྱི་ཐོན་རྫས་ཆེན་པོ་བཞི་ཡིན། ཧྥི་ལི་ཕིན་དུ་རིགས་མི་མཚུངས་པའི་རྩི་ཏོག་དང་སིལ་ཏོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པས། མེ་ཏོག་ལྡུམ་རའི་གླིང་ཕྲན་དང་ཞི་བདེ་རྒྱ་མཚོའི་སིལ་སྡེར་ཞེས་པའི་མཚན་སྙན་གསོལ་ཡོད། ཧྥི་ལི་ཕིན་གྱི་ཞིང་ལས་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་བེ་ཏ་ཡིན་ཞིང་། བེ་ཏ་དང་བེ་ཏའི་སྣུམ་ནི་རྒྱལ་ཁབ་གཞན་ལ་ཕྱིར་འཚོང་བྱེད་པའི་ཐོན་རྫས་གཙོ་བོར་ཡང་གྱུར་ཡོད། དཔྱད་གཞི་ལྟར་ན། ཧྥི་ལི་ཕིན་གྱི་བེ་ཏའི་རིགས་དང་ཐོན་ཚད་ཀྱིས་འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད་པས། ཀུན་གྱིས་ཧྥི་ལི་ཕིན་ལ་བེ་ཏའི་རྒྱལ་ཁབ་ཅེས་ཀྱང་འབོད། སྲོལ་རྒྱུན་ལྟར་ན། ཧྥི་ལི་ཕིན་གྱི་མི་རྣམས་ཚོན་མདོག་རྣམ་པར་བཀྲ་བའི་ལྭ་བ་གྱོན་པར་སྤྲོ་ཞིང་། གླུ་དང་གར་ལ་མཁས་པ་དང་། དམངས་ཁྲོད་དུ་བྱ་འཛིང་འགྲན་བསྡུར་གྱི་སྲོལ་རྒྱུན་ད་ལྟའི་བར་མ་ཉམས་པར་རྒྱུན་འཛིན་བྱས་ཡོད། 

བེ་ཏའི་ཕོ་བྲང་ནི་བེ་ཏའི་ཤིང་གིས་བསྐྲུན་པའི་གཞི་རྒྱ་ཆེན་པོའི་དེང་རབས་ཅན་གྱི་བཟོ་བཀོད་ཅིག་ཡིན། དབྱིབས་ཟུར་དྲུག་ཏུ་མངོན་ཞིང་ཁང་པའི་རྒྱ་ཕིབས་ཁམ་མདོག་ཅན་གྱི་ཕོ་བྲང་འདི་ནི་བེ་ཏའི་ཤིང་ཉིས་བརྒྱ་ལྷག་གིས་བསྐྲུན་པ་ཡིན་ཞིང་། ཁང་ཀླད་དུ་བེ་ཏའི་ཤིང་ལེབ་བསྟར་ཞིང་། ཀ་ཆེན་རྣམས་ཀྱང་སྦོམ་ཞིང་རིང་བའི་བེ་ཏའི་ཤིང་གིས་བྱས་ཡོད། རྩིག་ངོས་ནི་བེ་ཏའི་ཚི་སྣ་དང་ཨར་འདམ་གྱིས་བསྐྲུན་པ་དང་། སྒོ་ཆེན་གྱི་སྟེང་དུ་བེ་ཏའི་ཤིང་ཤུན་བསྒྲིགས་ནས་གྲུབ་པའི་རི་མོ་ལྟ་ན་སྡུག་པ་མང་པོ་བཀོད་ཡོད། ཕོ་བྲང་ནང་དུ་སྒྱུ་རྩལ་གྱིས་ཕྱུག་པའི་ས་གདན་དང་ཁྱིམ་ཆས། བཟོ་རྩལ་ཐོན་རྫས་མང་པོ་ཀུན་གྱི་སྤྱན་ལམ་དུ་བཤམས་ཡོད་པ་དང་། དེ་དག་གི་རྒྱུ་ཆའང་བེ་ཏའི་ཤིང་ཡིན་པ་དང་། གཞན་ཕོ་བྲང་ནང་དུ་བེ་ཏའི་ཤིང་150ལྷག་བཙུགས་ཡོད་པས་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་དུ་ཐོན་པ་ལྟ་བུའི་ཚོར་སྣང་བཅོས་མིན་དུ་སྐྱེས་ངེས། ཕོ་བྲང་གི་ཕྱི་རོལ་དུ་བྱ་བྱེའུ་ཡི་སྐད་སྙན་སྒྲོག་ཅིང་རྐང་འཐུང་གཞོན་ནུའི་གཡུ་ལོ་བསིལ་རླུང་གི་ཁྲོད་དུ་ལྡེམ་ལྡེམ་གཡོ། ཕོ་བྲང་ནང་དུ་བེ་ཏའི་དྲི་མ་ཞིམ་པོ་གང་སར་འཐུལ་བས་ཀུན་གྱིས་ལུས་སེམས་ཀྱི་ངལ་དུབ་སེལ་ཞིང་། རྣམ་ཤེས་ལ་བྱབས་ཁྲུས་བྱེད་སའི་གནས་མཆོག་ཅིག་ལ་ངོས་འཛིན་ནོ། །ཧྥི་ལི་ཕིན་གྱི་བེ་ཏ་འདེབས་འཛུགས་རིག་གནས་སྲོལ་རྒྱུན་གྱི་རྒྱུན་རིང་ཞིང་། བེ་ཏ་དང་འབྲེལ་བའི་ལས་སྒོ་དག་ཀྱང་ཚོང་རའི་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོར་གྱུར་ཡོད་པས། བེ་ཏ་དང་འབྲེལ་བའི་རིག་གནས་ཡུལ་སྲོལ་གྱི་ཁྱད་ཆོས་མངོན་སླད། དངོས་མང་བཤམས་སྟོན་ཁང་གི་རྣམ་པ་ལྟར་བེ་ཏའི་ཕོ་བྲང་འདི་བཞེངས་པར་བཞེད། 

བྷ་ནཱ་ཝེ་སྐས་ཞིང་ནི་ལོ་ངོ་སྟོང་ཉིས་ལྷག་གི་ལོ་རྒྱུས་ཡོད་པའི་ཆུ་འབྲས་ཀྱི་ཞིང་ས་ཡིན་ཞིང་། འདི་ནི་ཧྥི་ལི་ཕིན་གྱི་ལས་ལ་བརྩོན་པའི་མི་དམངས་ཀྱིས་ཉམས་མྱོང་དང་བློ་གྲོས་ལ་བརྟེན་ནས་བསྐྲུན་པའི་རླབས་ཆེན་གྱི་མཛད་རྗེས་ཡིན་ཞིང་། རང་བྱུང་ཁམས་ལ་ངོས་འཛིན་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཤེས་རབ་ཀྱང་ལགས། རི་བོའི་ངོས་ན་བསྣོལ་མའི་ཚུལ་དུ་མངོན་པའི་ཞིང་སའི་རྣང་མ་སོ་སོའི་མཐོ་ཚད་ལ་སྨི་གཉིས་ནས་བཞི་ལྷག་ཡོད་པ་དང་། ས་ཞིང་གི་རྣང་མ་རྣམས་ནི་རྡོ་བརྩིགས་ནས་གཅིག་འཕྲོར་གཅིག་མཐུད་ནས་བསྟར་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྨི་2400ཡོད་དོ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1