༄༅།། རྩེད་འཇོའི་དམངས་སྲོལ་ལས་རྩེད་འཇོའི་སྤྲོ་གསེང་གི་རིགས་དབྱེ།

གཅན་ཚ་བཀྲ་བྷོས་བརྩམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-02



གཅན་ཚ་བཀྲ་བྷོས་བརྩམས།    

         རྩེད་འཇོ་སྣ་ཚོགས་ནང་དོན་དང་ངོ་བོའི་སྟེང་ནས་དབྱེ་ན། དམངས་ཁྲོད་རྩེད་འཇོ་དང་། དམངས་ཁྲོད་ལུས་རྩལ་གཉིས་ཡོད་པ་སྟེ།


     གཅིག། སྤྲོ་གསེང་གི་རིགས།དམངས་ཁྲོད་རྩེད་འཇོ་ནི་དམངས་ཁྲོད་སྤྲོ་གསེང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།དེ་ནི་དམངས་ཁྲོད་རྩེད་འཇོའི་ཁྲོད་ཆེས་རྒྱུན་མཐོང་དང་ཆེས་ཁྱབ་གདལ་ཆེས་སྟབས་བདེའི་རང་བཞིན་ཅན་གྱི་བྱེད་སྒོ་ཞིག་ཡིན་པ་རེད།

    དེར་ལོ་ཆུང་བྱིས་པ་རྣམས་ཀྱི་སྤྲོ་གསེང་དགའ་སྐྱེད་ཀྱི་རྩེད་འཇོ་དང་དར་མ་རྣམས་ཀྱི་བག་གཡེང་སྐྱོ་སངས་ཀྱི་རྩེད་འཇོ། དམངས་ཁྲོད་རྩེད་འཇོ་ནི་ཡུལ་མི་ཐམས་ཅད་བྱེད་སྒོར་ཞུགས་རྒྱུའི་རང་བཞིན་ཅན་གྱི་རྩེད་འཇོ་ཞིག་རེད། དེར་ལྟད་མོ་བ་མེད་ལ་ཡོད་ཀྱང་ཆོག་པ་དང་། ངེས་པར་དུ་དགོས་པ་ནི་རྩེད་འཇོར་ཞུགས་མཁན་གྱི་མི་སྣ་སྟེ། མི་རྣམས་བློ་སེམས་གཅིག་སྒྲིམ་གྱིས་ཞུགས་ན་ད་གཟོད་རང་ཉིད་ལ་སྤྲོ་སྣང་རྒྱས་ཡོང་། རྩེད་འཇོ་ལ་རང་དབང་རང་བཞིན་ཅུང་ཆེ་བས་གཏན་འཁེལ་གྱི་སྒྲིག་ལུགས་ཡོད་ཀྱང་དེ་འདྲའི་གཟབ་ནན་མིན། ཡིན་ནའང་སྣ་རིགས་མང་ཞིང་རྣམ་པ་སྣ་ཚོགས་ཡོད་པས་ལོ་ཆུང་བྱིས་པ་རྣམས་རྩེད་འཇོའི་སྣ་རིགས་སོ་སོ་ཚང་མར་ཞུགས་པའི་ངེས་པ་མེད། ལྟོས་བཅས་ཀྱིས་བཤད་ན། ལུས་སྟོབས་ཤུགས་སྣོན་དང་རྩལ་ནུས་འགྲན་ཟླ་ལས་རྣམ་པར་རྒྱལ་བར་བརྩོན་པའི་ལུས་རྩལ་སྤྲོ་གསེང་གི་རིགས་དང་ཁྱད་ཆེ་སྟེ། དམངས་ཁྲོད་རྩེད་འཇོ་ནི་ཞི་འཇམ་དང་ལྷོད་འཇགས་ཀྱི་རྣམ་པའི་འོག་རོལ་རྩེད་རྩེ་བ་དང་། རྩེད་འཇོ་བའི་གྲས་ནས་རྒྱལ་ཁ་ཐོབ་ཨེ་ཐུབ་ལ་ལྟ་བ་ཙམ་ལས་རྒྱལ་ཕམ་ཁོ་ན་རྩོད་པ་ཞིག་མིན། གཙོ་བོ་ལུས་སེམས་དགའ་ཚོར་དང་ཤེས་རིག་འཕེལ་རྒྱས། སྨྲ་ལྕེ་ལ་སྦྱོང་བརྡར་གྲངས་རྩིས་ལ་བྱང་ཆ་བཅས་ཡོད་དུ་འཇུག་པའི་རྩེད་འཇོ་སྟེ། དཔེར་ན། ལོ་ཆུང་བྱིས་པ་རྣམས་ཀྱི་ཐབ་གཞིས་སྒོ་ལོགས་ཀྱི་རྩེད་མོ་དང་ཨ་མཚར་མཚར་དགུ། ཀ་ཏོ་རའི་གྲངས་ཟློ་བ་སོགས་དང་། དར་མ་རྣམས་ཀྱི་ཁེད་ལྡེའུ་སྣ་ཚོགས་དང་ཆང་ཁའི་ཀུ་རེ་རྩེད་མོ་ལྟ་བུ་རེད།

    གཉིས། ལུས་རྩལ་གྱི་རིགས། དམངས་ཁྲོད་ཀྱི་ལུས་རྩལ་སྤྲོ་གསེང་གི་རིགས་ཀྱང་ངོ་བོའི་མཚོན་སྟངས་དང་རྣམ་པའི་ཆ་ནས་དབྱེ་ན། ལུས་ཤུགས་གཙོ་ཆེ་བའི་རིགས་དང་ཐབས་རྩལ་གཙོ་ཆེ་བའི་རིགས་གཉིས་སུ་དབྱེ་བ་སྟེ།

    ཀ། ལུས་ཤུགས་ཀྱི་རིགས། ལུས་ཤུགས་ཀྱི་རྩལ་རྩེད་ཅེས་པ་ནི་ལུས་ཀྱི་རྩལ་ཤུགས་འགྲན་པ་གཙོ་བོ་འགྲན་རྒོལ་རང་བཞིན་གྱི་བྱེད་སྒོ་ལ་ཟེར། དེ་ནི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེར་ཡ་རྐྱང་གི་འགྲན་བསྡུར་དང་ཚོགས་པ་རང་བཞིན་གྱི་འགྲན་རྒོལ་ལུས་རྩལ་གྱི་ཆ་དག་ཡོད་པ་རེད།

    ཡ་རྐྱང་གི་ལུས་རྩལ་ལ་གཙོ་བོ་འཇུ་རེས་རྒྱག་པ་དང་འུར་རྡོ་འཕེན་པ། འགྱོགས་རྡོ་འགྱོགས་པ། ཐག་འཐེན་སོགས་ཡོད་དེ། འཇུ་རེས་ནི། བོད་རིགས་དང་སོག་པོའི་རིགས། དབྱི་རིགས། ཡུ་གུར་རིགས། ཀྲོང་རིགས། ཡའོ་རིགས་སོགས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་མང་པོ་ཞིག་གི་ལུས་རྩལ་རྣམ་གྲངས་ཤིག་རེད། དེ་ཡང་བོད་དུ་དར་བའི་དུས་གསལ་པོ་ཞིག་མི་ཤེས་ཀྱང་། བསམ་ཡས་གཙུག་ལག་ཁང་དང་ལྷ་ལྡན་གཙུག་ལག་ཁང་གི་ལྡེབས་རིས་སུ《སྲོང་བཙན་སྒམ་པོ་ཁྲིར་བཀོད་པ》ཞེས་པར་འཇུ་རེས་རྒྱག་པའི་རི་མོ་ཡོད་པར་བརྟགས་ན་སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་ནས་ལུས་རྩལ་གྱི་རྣམ་གྲངས་འདི་བོད་ཡུལ་དུ་བྱུང་ཡོད་པ་ར་སྤྲོད་བྱས་ཐུབ། དེ་ཡང་བོད་ཀྱི་འཇུ་རེས་རྒྱག་ཚུལ་ལ་རང་དབང་གི་འཇུ་ལུགས་དང་། ངེས་གཏན་གྱི་འཇུ་ལུགས་གཉིས་ཡོད། རང་དབང་གི་འཇུ་ལུགས་ཀྱིས་མགོ་དང་རྐང་པ། ལག་པ་སོགས་གང་རུང་ནས་འཇུ་ཞིང་འཐེན་ཏེ་ཕ་རོལ་པོ་ཐང་ལ་རྒྱག་ཅི་ཐུབ་བྱེད་པ་ཡིན། ངེས་གཏན་གྱི་འཇུ་ལུགས་ནི་གཞོགས་གཉིས་ཀྱིས་རང་རང་གི་འགྲན་ཡའི་སྐེད་པ་དང་ཕྲག་པ་ནས་འཇུས་ཏེ་ཕ་རོལ་པོ་ཐང་ལ་རྒྱག་ཅི་ཐུབ་བྱེད་སྲོལ་ཡོད་པ་རེད།

    འུར་རྡོ་འཕེན་པ་ནི། བོད་ཀྱི་སྤྱི་ཚོགས་སྟེང་ལོ་རྒྱུས་རིང་ཞིང་དར་ཁྱབ་ཆེ་བ་ཞིག་རེད། དེ་ནི་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་རི་དྭགས་རྔོན་པ་དང་། ཕྱུགས་རིགས་གཉེར་སྐྱོང་། དགྲ་འགོག་རང་སྲུང་སོགས་ཀྱི་ཐད་བཀོལ་སྤྱོད་བྱས་ནས་ད་ལྟ་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད། དེ་ནི་ལོ་རྒྱུས་ཡིག་ཚགས་ལྟར་ན། དབང་མཛད་བཅུའི་དྲུག་པ་ཀྲོག་ཀྲོག་འདྲེའི་སྐབས་སུ་མཚོན་ཆ་འུར་རྡོ་བྱུང་ཡོད་པ་དང་། གཞན་ཤིན་ཅང་གི་ས་འོག་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་མཚོན་ཆའི་ཁྲམ་བྱང་དུ་ཁྲབ་རྨོག་དང་། མདུང་རིང་། མདའ་གཞུ། འུར་རྡོ། རལ་གྲི། གྲི་ཤུབས་སྦྲགས་མ། མདའ་དོང་བཅས་བྱུང་ཚུལ་བཀོད་ཡོད་པས། ད་ལྟའི་བོད་ཀྱི་ལུས་རྩལ་རྣམ་གྲངས་འུར་རྡོ་ནི་བགྲང་བྱ་སྟོང་ཕྲག་ཡར་སྔོན་ནས་བྱུང་ཟིན་པ་ཤེས་ཐུབ། དེར་རིགས་དང་རྒྱུ། རྣམ་པ་བཅས་ལ་བརྟགས་ན། སླ་བྱེད་རྒྱུ་ལ་ལུག་བལ། ར་སྤུ། གནག་ཕྱུགས་ཀྱི་རྩིད་པ། རྔ་རྩིད། རྟ་ཆོག།རྟ་རྔ་བཅས་དྲུག་དང་། ཕྱིའི་རྣམ་པའི་སྟེང་ནས་དབྱེ་ན་གའུ་ཁ་སྦྱོར་དང་། བྱིས་མིག །དེ་བཞིན་སླ་བྱེད་སྐུད་པའི་གྲངས་ཀྱི་སྒོ་ནས་དབྱེ་ན། ཟིལ་མོ་སྒང་སླས། བཞི་ཐེ་ཧྲིལ(སླ་བའི་དོན་ལ་འཇུག་སྙམ) བརྒྱད་ཐེ་ཧྲིལ། བཅུ་གཉིས་ཐེ་ཧྲིལ། ཁྲ་ཆེན། ཁྲ་ཆུང་། བཅུ་དྲུག་དགུ་སྒྲིལ། གཟི་རིལ། གཟི་མིག་མ་བཅས་དང་། ཁ་དོག་གི་ཆ་ནས་དབྱེ་ན། གཞོགས་དཀར།གཞོགས་ནག་ཆུ་མིག་དགུ་སྒྲིལ་བཅས་སོ།

    འུར་རྡོ་ནི་རྒྱང་རིང་དམིགས་གཏད་ཀྱི་འབེན་ལ་དམིགས་ནས་འཕེན་དགོས་ལ་དེའི་གཡུག་ཚུལ་ནི་གཏན་འཁེལ་ཞིག་མེད་པ་འདྲ་ཡང་སྤྱིར་བཏང་གིས་ལག་གཡས་པས་ཀླད་ནས་གཡོན་ཕྱོགས་སུ་ཅུང་ཙམ་གཟུར་ཏེ་གཡོན་དུ་བསྐོར་བ་དང་། ལག་གཡོན་པས་ཀླད་ནས་གཡོན་ཕྱོགས་སུ་ཅུང་ཙམ་གཟུར་ཏེ་གཡས་ཕྱོགས་སུ་བསྐོར་བ། ལག་གཡས་པས་འུར་རྡོ་གཡས་གཞོགས་སུ་བསྐོར་བ་དང་། ལག་གཡོན་པས་འུར་རྡོ་གཡོན་གཞོགས་སུ་བསྐོར་བ། མདུན་ཕྱོགས་ནས་གཡས་གཡོན་གང་རུང་དུ་བསྐོར་བ། གཡས་གཡོན་གཞོགས་གཉིས་ནས་གནམ་དུ་བསྐོར་ལ། འཕེན་ཕྱོགས་ལ་གྱེན་དུ་འཕེན་པ་དང་། ཐུར་དུ་འཕེན་པ། བདེ་ཐང་དུ་འཐེན་པ། རྟའི་གོང་ནས་འཕེན་ཞིང་། དེ་ལྟར་འཕངས་ཏེ་རྒྱང་ལ་འགྲོ་མིན་དང་འབེན་ལ་ཕོག་མིན། སྒྲ་སྐད་ཆེ་ཆུང་གིས་རྒྱལ་ཕམ་རྩོད་པར་བྱས་སྲོལ་ཡོད་པ་རེད།

    འགྱོགས་རྡོ་འགྱོགས་པ་ནི། བོད་རིགས་ཀྱི་ཆེས་སྔ་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་རེད། དེར་རྡོ་ཕ་བོང་འགྱོགས་པ་དང་། ས་སྒྱེ་བྱེ་སྒྱེ་འགྱོགས་པ་སོགས་ཡོད་ལ། སྤྱིར་བཏང་གི་ལྗིད་ཚད་རྒྱ་མ་བཞི་བརྒྱ་ཡན་ཡོད་ཅིང་དེ་ཡར་བཀྱགས་ཏེ་རང་ལུས་ཕྱོགས་བཞིར་བསྐོར་བ་དང་སྒོར་ཐིག་གི་རི་མོར་སྐོར་བ་བྱེད་པའི་ཐེངས་གྲངས་ཀྱིས་རྒྱལ་ཕམ་རྩོད། གཞན་ད་དུང་འབྲི་གཡག་དང་རྟ། དྲེལ་སོགས་དང་། དེར་ཁལ་བཀལ་ཡོད་པ་བཅས་ཡར་བཀྱགས་པས་མཐོ་དམན་དང་སྔར་གནས་ནས་ཕར་འཁྱེར་བའི་བར་ཐག། ཡར་བཀྱགས་ནས་བསྡད་པའི་དུས་ཡུན་ལ་བལྟོས་ནས་རྒྱལ་ཕམ་འགྲན།

    དེ་ཡང་བོད་ཀྱི་བཙན་པོའི་རྒྱལ་རབས་སོ་དྲུག་པ་ཁྲི་འདུས་སྲོང་མང་པོ་རྗེས(སྤྱི་ལོ676-704)སྲིད་སྐྱོང་བའི་སྐབས་སུ་བོད་དུ་རྩལ་པོ་ཆེ་མི་བདུན་བྱུང་། དེའི་ནང་གི་རིག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག་པ། ག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཐེག་པ། འགོས་གཡག་ཆུང་གིས་ཤ་བའི་རླུང་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར། ཅོག་རོ་འབྲོང་ཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་གཡང་ལ་མཆོང་བ་གྱེན་ལ་འཐེན་ནུས། ཞེས་པ་དེ་ལྔ་པོ་ནི་སྤྱི་ལོ680སྐབས་དག་གི་བོད་ཀྱི་མིང་གྲགས་ཆེ་པའི་རྩལ་ཆེན་ལྔ་ཡིན་པར་མ་ཟད། ལུས་རྩལ་ལོ་རྒྱུས་སྟེང་གི་ལྗིད་འདེགས་པའི་གྱད་མི་ལྔའང་ཡིན་ནོ།།

    ཐག་འཐེན་ལ་སྐེ་འཐེན་དང་གླང་ཆེན་ས་གཤགས་སོགས་ཡ་རྐྱང་ཅན་དང་མི་མགོ་འདྲ་མཉམ་གྱིས་ཐག་པའི་གཞོགས་གཉིས་ཕར་ཚུན་འཐེན་པའི་ཚོགས་པའི་རང་བཞིན་ཅན་བཅས་ཡོད། སྐེ་འཐེན་ནི་འགྲན་ཡ་གདོང་ཐད་དུ་ལངས་ཏེ། ཐག་པའི་ཁུག་མགོ་གཞོགས་གཉིས་ཀྱི་སྐེ་ལ་བསྐོན་རྗེས། སྐེ་དང་མགོ་ལུས་གཟུགས་ཚང་མས་ཤུགས་བཏོན་ནས་རང་རང་གི་ཕྱོགས་

    སུ་འཐེན་པ་དང་། ཕར་ཕྱོགས་འཐེན་ནས་ཐང་དུ་བཀོད་པའི་དཀྱིལ་རྟགས་ལས་བརྒལ་མིན་ལ་བལྟོས་ཏེ་རྒྱལ་ཕམ་ཕྱེ། གླང་ཆེན་ས་གཤགས་ནི་འགྲན་ཞུགས་པ་གཉིས་ཀྱིས་ཐག་པ་གློ་གཟུར་དུ་མདུད་དེ་ལག་པ་ཟུང་དང་པུས་མོ་གཉིས་བཅས་ས་ལ་བཙུགས་ཏེ་གླང་ཆེན་གྱི་ལད་མོས་ཁ་རང་རང་སར་འཁོར་ཏེ་འཐེན་རྩལ་འགྲན་པ་ལ་ཟེར་ཞིང་། རྒྱལ་ཕམ་བརྟག་ཚུལ་སྐེ་འཐེན་དང་མཚུངས་ལ། ཚོགས་པས་འཐེན་རྩལ་འགྲན་པ་ནི་ད་ལྟའི་སྤྱི་ཚོགས་སུ་རྒྱུན་མཐོང་དུ་གྱུར་ཡོད་པས་ཤེས་གསལ་ལྟར་རོ། །

    ཁ ཐབས་རྩལ་གྱི་རིག་པ། ཐབས་རྩལ་གྱི་རྩལ་རྩེད་ནི། ཐབས་རྩལ་འགྲན་བསྡུར་བྱེད་པ་གཙོར་བཟུང་གི་སྤྲོ་གསེང་རྣམ་གྲངས་ཤིག་ཡིན། དེ་ལུས་ཤུགས་ཀྱི་རྩལ་རྩེད་བསྡུར་ན་ཐབས་ཇུས་སྤྱོད་པ་མང་ལ་འགྲན་བསྡུར་པས་རྐང་ལག་གཡུག་པ་དང་འཐེན་འགྱོགས་མཆོང་ལྡིང་བཅས་ཀྱི་འཁྲབ་སྟངས་སྣ་ཚོགས་སྟོན་ཞིང་། འགྱུར་ལྡོག་ཆེ་ལ་རྣམ་པ་མང་བའི་ཐེབས་པེད(སྤོད)རྩེད་འཇོ་དང་། ཐེ་ཀེའི་རྩེད་འཇོ(ཨ་ཅུག)མིག་མངས་རྩེད་འཇོ། རྟ་གོང་གི་རྩེད་འཇོ། ཆུ་རྐྱལ་རྩེད་འཇོ་སོགས་ཡོད་དེ། ཐེབས་པེད་ནི་བྱ་སྒྲོ་སོགས་ཀྱིས་བཟོས་པའི་ལོ་ཆུང་བྱིས་པའི་རྐང་རྩལ་གྱི་རྩེད་མོ་ཞིག་ཡིན། དེར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་རྟ་ཐོག་སྤོ་ལོའི་ལུས་རྩལ་གྱི་རྨང་གཞིའི་སྦྱོང་བརྡར་ཡིན་སྙམ་ཞིང་། དེ་ལྟའི་རྩེད་མོའི་རྣམ་གྲངས་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་དར་ཞིང་ཁྱབ་ཡོད་ལ། ས་ཁུལ་ཁག་སོ་སོར་ཡང་རབ་ལ་ཐང་དཀར་རྒོད་པོའི་སྒྲོ་ལས་བཟོས་པའི་ཐེབས་པེད་དང་། འབྲིང་ལ་ཁྱིམ་བྱའི་སྒྲོ་ལས་བཟོས་པའི་ཐེབས་པེད། ཐ་མར་རས་སམ་ར་རྩིད་སོགས་ཅི་འབྱོར་ལས་བཟོས་པའི་ཐེབས་པེད་སྣ་ཚོགས་ཡོད། དེར་ཡང་ལོ་ན་ཆེ་ཆུང་ལ་གཞིགས་ཏེ་ཐ་གུ་འདོགས་དགོས་མིན་གཉིས་སུ་ཡོད་དེ། ལོ་ན་བཞི་ལྔ་ཙམ་ལས་མ་སོན་པའི་བཞི་ལྔ་ཙམ་ལསབྱིས་པས་རྩེ་སྐབས་ཐ་གུ་དང་ཁ་འབྲལ་དུ་མེད་ལ། ལོ་ན་ཆེ་ཙམ་སླེབས་པའི་ལོ་ཆུང་བྱིས་པ་ཚོ་རྩེ་སྐབས་ཐུ་གུ་འདོགས་མི་དགོས་པར་མདུན་རྩེད་དང་། རྒྱབ་རྩེད། གཡས་རྩེད། གཡོན་རྩེད། གནས་རྩེད་སོགས་ཀྱི་རྩེ་ལུགས་ཡོད། དེ་དག་ཚང་མ་ཐབས་རྩལ་ལ་བརྟེན་དགོས།

    ཐེ་ཀེ་ནི(ཨ་ཅུག་གི་རྩེད་འཇོ)ར་ལུག་སོགས་ཀྱི་པུས་ཚིགས་རུས་ཆུང་ཞིག་སྟེ། མདོ་དབུས་གཙང་གསུམ་སོགས་བོད་ཀྱི་ས་ཁུལ་གྱི་བྱིས་པ་ཚོས་རུས་ཆུང་གྲུ་བཞི་དེ་རྟ་བོང་ལུག་རའམ་ཤར་ནུབ་རྟ་དྲེལ་སོགས་ཀྱི་དབྱེ་བ་ཕྱེ་ནས་རྩེད་མོ་རྩེ་རྒྱུ་ཡོད་པས། དེར་རྟ་དྲེལ་རྩེ་བ་ཡང་ཟེར་སྲོལ་ཡོད། ཐེ་ཀེ་ལ་བཟང་ངན་གཉིས་སུ་དབྱེ་སྲོལ་ཡོད་དེ། ར་ལུག་སོགས་བཤས་ནས་བཏོན་པའི་ཐེ་ཀེ་ལ་བཟང་ཐེ་རུ་འབོད་ཅིང་ལེགས་པར་བརྩི་བ་དང་། ར་ལུག་སོགས་ཤི་རོ་ནས་བཏོན་པར་ཤི་ཐེ་རུ་འབོད་ཅིང་ཞན་པར་བརྩི་སྲོལ་ཡོད། ཡུལ་གྲུ་ལ་ལར་ཤི་ཐེ་རྩེ་སྲོལ་ཉུང་ལ་ཆེ་ཕྱུགས་ཀྱི་ཐེ་ཀེ་རྩེ་སྲོལ་དཀོན་པའི་ཚོད་དུ་འདུག་ཀྱང་དེ་ཡང་གཏན་ནས་མེད་པ་མིན། གཞན་ཡང་ཐེ་ཀེའི་ནང་ནས་ལེགས་ཤོས་ནི་མཁྲེགས་ཤིང་འཇམ་ཤ་དོད་ལ་འོད་མདངས་ལྡན་པ་ཞིག་ཡིན། སྤྱིར་ཞིང་འབྲོག་ས་ཁུལ་དུ་ཐེ་ཀེ་རྩེ་བའི་དུས་ཚོད་ནི་དགུན་དུས་ཡིན་ཞིང་། དབྱར་དུས་རྩེ་མཁན་ཉུང་། དེ་ཡང་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་ངལ་རྩོལ་ལ་འབྲེལ་བ་ཡོད་དེ། དགུན་དུས་ར་ལུག་སོགས་བཤའ་དུས་ཡིན་པར་མ་ཟད། ཞིང་འབྲོག་ཁུལ་དུ་ལས་བྲེལ་ཆུང་བའི་དུས་ཡིན་གཤིས། དུས་ཚིགས་དེ་ནི་ཐེ་ཀེ་ཐོན་པའི་དུས་དང་རྩེ་བའི་དུས་ལེགས་པོ་ཞིག་རེད། ཐེ་ཀེ་གྲུ་བཞི་དེའི་སྟེང་ནི་རྟ་དང་། འོག་ནི་བོང་བུ། གཡས་ནི་ར་མ། གཡོན་ནི་ལུག །མདུན་ནི་ཁྱུང་། རྒྱབ་ནི་ཁྱི་རྐུབ་སོགས་སེམས་ཅན་ལ་དཔེ་བཞག་ནས་དབང་རིམ་ཡང་རྟ་བོང་ལུག་ར་དེ་བཞི་ལས་སྔ་མ་སྔ་མ་དབང་ཆེ་ཞིང་ཕྱི་མ་ཕྱི་མ་དབང་ཆུང་བར་བརྩི་བ་དང་། ཁྱུང་དང་ཁྱི་རྐུབ་གང་རུང་ལངས་ཚེ་སླར་ཡང་འཁྲབ་དགོས་པ་བཅས་སོ། །

    རྟ་གོང་གི་རྩེད་འཇོ་ནི་གོང་དུ་བཤད་ཟིན་ཞིང་། མིག་མངས་ནི། བོད་དུ་དུས་ནམ་ཞིག་ལ་དར་བ་གསལ་པོར་བཀོད་ཡོད་པ་མཐོང་ཡང་། རྒྱའི་ཡིག་ཚང《ཐང་ཡིག་རྙིང་མ》ལས་བོད་ཆེན་པོའི་སྲིད་ལུགས་སྐོར་བརྗོད་སྐབས་རྩེད་མོར་ཤོ་དང་མིག་མངས་ཞེས་དང་། ཏུན་ཧོང་གི་བོད་ཀྱི་ལོ་རྒྱུས་ཡིག་ཆས་དག་ན་བོད་བཙན་པོའི་བློན་ཆེན་སྤུང་སད་ཟུ་ཙེ་སོགས་ཀྱིས་མིག་མངས་རྩེ་བའི་གཏམ་རྒྱུད་བཀོད་ཡོད་པ། དམངས་སྲོལ་ཞིབ་འཇུག་པ་དགྲ་ལྷ་ཟླ་བ་བཟང་པོས་བོད་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་འཚོལ་རྙེད་བྱུང་བའི་རྡོ་བརྐོས་ཀྱི་མིག་མངས་འཁྲབ་གཞི་སོགས་དང་། དེ་མིན《བོད་ལྗོངས་རྩོམ་རིགས》དུས་དེབ་ཀྱི་རྩོམ་སྒྲིག་པ་སྐུ་ཞབས་ཡན་ཀྲའན་ཀྲུང་ནས《དཀར་ནག་གི་འཇིག་རྟེན》ཞེས་པའི་རྩོམ་ཡིག་སྤེལ་ཏེ། 《གངས་ལྗོངས་རིག་གནས》དུས་དེབ་ཏུ་མིག་མངས་ནི་གནའ་དུས་ནས་བོད་དང་རྒྱ་ནག་ཏུ་དར་ཁྱབ་ཡོད་པ་ཙམ་མ་ཟད་བོད་དུ་དར་བའི་ལོ་རྒྱུས་ནི་རྒྱ་ནག་ལས་སྔ་ཞེས་བཀོད་པ་དག་ལ་བརྟགས་ན་ཕལ་ཆེར་དུས་རབས་ནམ་ཞིག་གི་སྐབས་སུ་བྱུང་བ་དཔོག་ཐུབ། དེར་རིགས་ཀྱི་རྣམ་གྲངས་ནི《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》(ཤ851)དུ་བཀོད་པ་ལྟར་ན་སུམ་ཅུ་ལྷག་ཡོད་པ་དང་། ད་ལྟ་རྒྱུན་མཐོང་གི་རིགས་ནི་འགྱིག་རྩེད། དབྱིབས་སྒང་དྲུག་ཅུ(ཨ་མདོ་བས་བཙིར་འགྱིག་ཟེར) ཌ་རུ་མ། རྒྱལ་པོ་སྒོ་གཅིག། སྒོ་གཉིས། སྒོ་བཞི་སོགས་ཡོད་ཅེས་པའང་དོན་ལ་གནས་ཤིང་། བོད་རིགས་མི་དམངས་ནི་མིག་མངས་རྩེ་རྒྱུར་དགའ་བས་ཕོ་མོ་རྒན་གཞོན་ཚང་མས་རྩེ། འཁྲབ་གཞི་དང་འགྱིག་རྡེའུ་ཡང་ནང་དོན་དང་རྩེ་ལུགས་ཀྱི་ཐབས་ཇུས་ལྟར་རྙོག་འཛིང་མིན་པར་སྟབས་བདེ་ཡིན་པས་མིག་མངས་རྩེ་མཁན་གྱིས་རང་ཁྱིམ་དང་། ཕྱི་རོལ། ལམ་འགྲམ། གཡུལ་ཁ། གྱང་རྩ་སོགས་ནས་སྡོང་པོའི་ཡལ་ག་དང་། སོལ་བ། རྡོ་འབིགས། རྡོ་ཕྱེ་དཀར་པོ་སོགས་སྤྱད་དེ་ཐང་དང་། རྡོ་ལེབ། ཤིང་ལེབ་སོགས་ལ་འགྱིག་རིས་བྲིས་ཏེ་འཁྲབ་གཞི་བྱེད་ལ། རྡེའུ་དཀར་ནག་དང་སིལ་ཏོག་གི་ནང་སྙིང་གིས་འགྱིག་ལྡེའུ་བྱེད། གང་ལྟར་ཕན་ཚུན་གྱི་འགྱིག་ལྡེའུ་མི་ནོར་བ་ཞིག་ཡིན་ན་ཆོག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1