འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་དགོས་པ་ལྡོག་མེད་ཀྱི་བླང་བྱ་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན《འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་དགོས་པ་ལྡོག་མེད་བླང་བྱ་ཡིན》ཞེས་པ་བཀོད་ཡོད་པ་རེད།
གསུང་བཤད་ནང་བསྟན་དོན། རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་ངོས་འཛིན་ཡང་དག་བྱེད་དགོས་ཤིང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་བྱུང་ཡོད། ང་ཚོས་བརྡར་ཤ་བཅད་པ་ནི་ཉེན་ཁ་དང་གོ་སྐབས་མཉམ་གནས་དང་། ཉེན་ཁའི་ཁྲོད་གོ་སྐབས་ཡོད་པ། ཉེན་ཁ་གོ་སྐབས་སུ་འགྱུར་ཐུབ་པ་བཅས་ཡིན་པ་དང་། གོ་སྐབས་ལ་འཐབ་ཇུས་རང་བཞིན་དང་བཟོ་རུང་བའི་རང་བཞིན་དེ་བས་ལྡན་པ་དང་། འགྲན་སློང་ལ་རྙོག་འཛིང་རང་བཞིན་དང་སྤྱི་ཡོངས་རང་བཞིན་དེ་བས་ལྡན་པ། འགྲན་སློང་སྔར་བྱུང་མྱོང་མེད་པས་ཁ་གཏད་ཡག་པོ་བཅག་ཚེ་གོ་སྐབས་ཀྱང་སྔར་བྱུང་མྱོང་མེད་པ་འཕྲད་སྲིད། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་ཉེན་ཁར་གདོང་མཆོང་བྱེད་ཕོད་པ་དང་ཉེན་ཁ་གོ་སྐབས་སུ་འགྱུར་མཁས་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་དགོས།
གསུང་བཤད་ནང་བསྟན་དོན། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་དུས་མཚམས་ཤིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་གྱི་མཆོང་སྐྱོད་ཆེན་པོ་ཞིག་རེད། ལོ་ལྔའི་འཆར་གཞི་དང་པོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བར་གྱི་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་རེད། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མདུན་ཕྱོགས་སུ་གོམ་ཞེང་གསར་པ་ཆེན་པོ་ཞིག་སྤོས་པས་དུས་རབས་ཀྱི་རྗེས་སུ་ཤུགས་ཆེན་ལུས་པ་ནས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པའི་བར་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད།
གསུང་བཤད་ནང་བསྟན་དོན། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཞིང་། འཛམ་གླིང་ཐོག་རྣམ་པ་གཅིག་རང་གི་དེང་རབས་ཅན་གྱི་མ་དཔེ་མེད་ལ། འཛམ་གླིང་ཡོངས་ལ་འཕྲོད་པའི་དེང་རབས་ཅན་གྱི་ཚད་གཞི་ཡང་མེད། ང་ཚོས་སྐུལ་སྤེལ་བྱེད་པའི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ་རྒྱལ་བབ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཡོད། རང་རྒྱལ་གྱི་དེང་རབས་ཅན་ནི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་གི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་བཅས་རེད། ཀྲུང་གོ་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོའི་དོན་དངོས་དང་མཐུན་ཞིང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་མཚོན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱང་མཚོན་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་བཏང་སྟེ་མིའི་རིགས་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
གསུང་བཤད་ནང་བསྟན་དོན། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པར་ཤུགས་རྒྱག་ས་གལ་ཆེན་མང་པོ་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། “གོང་རིམ་གྱིས་འགག་རྩ་དང་རྩ་དོན་ལ་སྟངས་འཛིན་བྱས་ནས”འཐབ་ཇུས་ཀྱི་ཇུས་འགོད་དང་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་ལ། “འོག་རིམ་གྱིས་ཞིབ་ཕྲའི་ལས་དོན་སྒྲུབ་རྒྱུར་རྩིས་སྤྲད”ནས་ལས་ཀའི་ཤུགས་རྒྱག་སའང་སྟངས་འཛིན་བྱེད་དགོས་ཤིང་། གཅིག་ནས་འཐུས་སྒོ་ཚང་བའི་ནང་མཁོའི་མ་ལག་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས་པ་དང་། གཉིས་ནས་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་འབད་བྱེད་མགྱོགས་སུ་གཏོང་དགོས་པ། གསུམ་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལ་བརྟེན་ནས་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ། ལྔ་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཀ་ལེགས་སུ་གཏོང་དགོས་པ། དྲུག་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ་བཅས་རེད།
གསུང་བཤད་ནང་བསྟན་དོན། ཏང་གིས་འགོ་ཁྲིད་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། འཐབ་ཇུས་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་གནས་ཚུལ་དང་དུས་བབ་ཤེས་རྟོགས་དང་མིག་སྔ་དང་འབྱུང་འགྱུར་གསལ་རྟོགས་བྱ་རྒྱུ་གཅིག་གྱུར་བྱས་ཏེ་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་བྱེད་ནུས་ལྡན་པའི་ལས་བྱེད་པའི་དཔུང་ཁག་ཅིག་ཡོད་དགོས། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུ་ནི་ལས་དོན་ཧ་ཅང་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྒྱིད་ལུག་སྤུ་ཙམ་ཡང་བྱེད་མི་རུང་། ཏང་ཡོངས་ཀྱིས་ངེས་པར་དུ་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཐབ་རྩོད་རླབས་ཆེན་བྱེད་པའི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱས་ཏེ་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་བཅས་རེད།