ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་བྱང་ཤར་ཕྱོགས་ཀྱི་པུས་ཧཱ་ཨར་མངའ་སྡེ་རུ་ཉེ་སྔོན་དྲག་ཆར་འབབ་པའི་ནམ་ཟླ་བྱུང་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་མི་བཅུ་བདུན་ཐོག་གློག་གི་འཇིགས་པ་ལས་ཚེ་ལས་འདས། འདས་པོ་མང་ཆེ་བ་ནི་ཞིང་ཁར་ལས་ཀ་བྱེད་བཞིན་པའི་ཞིང་བ་རེད་ཟེར།
པུས་ཧཱ་ཨར་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཁུའུ་མཱ་ཨར་གྱིས་འདས་པོའི་ཁྱིམ་ཚང་ལ་ཁ་གསབ་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། མི་རྣམས་ཀྱིས་གནོད་འཚེའི་དོ་དམ་སྡེ་ཁག་གི་གྲོས་གཞི་བརྩི་སྲུང་བྱས་ཏེ། གང་ནུས་ཀྱིས་ནམ་ཟླ་མི་ལེགས་པའི་སྐབས་སུ་སྒོར་མི་འབུད་པའི་འབོད་སྐུལ་བཏང་།
ནམ་ཟླའི་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་གསུམ་ནང་པུས་ཧཱ་ཨར་མངའ་སྡེ་ཚོགས་སུ་སྔར་བཞིན་དྲག་ཆར་འབབ་རྒྱུ་རེད།
རྒྱ་གར་དུ་ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་བའི་བར་ནི་ཆར་ལྡན་དུས་ཚིགས་ཡིན་པ་དང་། དྲག་ཆར་འབབ་པའི་ནམ་ཟླ་བྱུང་ནས་ཐོག་གློག་གི་འཇིགས་པ་ལས་མི་སྣར་ཤི་རྨས་བཟོས་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། ད་ལོའི་ཟླ་དྲུག་པ་དང་ཟླ་བདུན་པར། པུས་ཧཱ་ཨར་མངའ་སྡེ་ནས་མི་དྲུག་ཅུ་ལྷག་ཐོག་གློག་གི་འཇིགས་པ་ལས་རྐྱེན་ལམ་དུ་ཤོར། །