《དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-05


ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས། 

《དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ། 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས《དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 


        《བསམ་འཆར》ནང་བསྟན་དོན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ནི་རྒྱལ་མཚམས་སྲ་བརྟན་དང་མི་དམངས་དམག་དཔུང་སྟོབས་ཆེན་སྐྲུན་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་དང་། ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་བཅས་ཡིན་པས་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ་དང་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་འཛུགས་པ། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་ཀྱི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་སྤྲོད་པའི་ལམ་ལུགས་འཛུགས་པ། རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་འཆར་འགོད་བྱས་ཏེ་སྤེལ་བ་བཅས་བྱས་པས་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཆེས་ཆེར་འཕེལ་བ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་ཀྱི་ཁྲོད་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་ཀའི་འགན་འཁྲི་གཟི་བརྗིད་ཆེ་ལ་ལས་འགན་ཡང་དཀའ་ཚེགས་ཆེན་པོ་ཡོད།


        《བསམ་འཆར》ནང་གསལ་པོ་བསྟན་དོན། དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གིས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། དམངས་ཡོངས་ཀྱི་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟབ་མོ་དང་བདེ་སྡོད་ཉེན་བསམ་གྱི་སེམས་ཁྲལ་འདུ་ཤེས། དམག་དཔུང་ལ་བརྩི་མཐོང་དང་དྲག་རྩལ་ལ་བརྩི་མཐོང་གི་བསམ་བློའི་འདུ་ཤེས། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་འཁུར་སེམས་བཅས་ཆེ་རུ་བཏང་ནས་རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོང་བཅས་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།


        《བསམ་འཆར》ནང་ནན་བཤད་བྱས་དོན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། རྒྱལ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་དང་། རྒྱལ་སྲུང་ཤེས་བྱ། རྒྱལ་སྲུང་ལོ་རྒྱུས། རྒྱལ་སྲུང་ཁྲིམས་སྲོལ། རྒྱལ་སྲུང་ཚན་རྩལ། རྒྱལ་སྲུང་དུས་བབ་དང་ལས་འགན། རྒྱལ་སྲུང་རྩལ་ནུས་བཅས་ཀྱི་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྲུང་རིག་གནས་སྐྱེད་སྲིང་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་སྲུང་བྱང་ཚད་མཐོ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པར་རྒྱལ་སྲུང་སློབ་གསོ་རྒྱག་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཞིང་ཆེན་དང་པུའུ་རིམ་པ་དང་། ཐིང་དང་ཅུས་རིམ་པ། རྫོང་དང་ཁྲུའུ་རིམ་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པར་རྒྱལ་སྲུང་སློབ་གསོ་རྒྱག་རྒྱུའི་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། རིགས་ཁག་གི་སྨྱན་སྦྱོར་སོགས་ཀྱི་འགན་འཁུར་མི་སྣའི་རྒྱལ་སྲུང་སློབ་གསོའི་ཆེད་དོན་གསོ་སྦྱོང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། གཞོན་ནུ་ལོ་ཆུང་ལ་རྒྱལ་སྲུང་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྲུང་སློབ་གསོའི་བླང་བྱ་དེ་སློབ་ཚན་དང་སློབ་དེབ་ནང་མཉམ་འདྲེས་གང་ལེགས་བྱས་ནས་རྒྱལ་སྲུང་སློབ་གསོ་དེ་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ནང་དོན་དུ་འཇུག་པ་དང་སློབ་གྲྭའི་ལས་རྗེས་དཔྱད་དཔོག་མ་ལག་ནང་འཇུག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1