ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ཚད་རིམ་6.8ཅན་གྱི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཚེ་སྲོག་མྱུར་སྐྱོབ་བྱེད་པ་ལས་འགན་གཙོ་བོར་བཟུང་ནས། སྟོབས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་དང་མི་སྣ་ཤི་རྨས་ཀྱི་ཚད་ཆེས་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན།
ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།
པེ་ཅིན་གྱི་དུས་ཚོད་ཟླ་9པའི་ཚེས5ཉིན་གྱི་ཆུ་ཚོད་12དང་སྐར་མ་52སྟེང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ཚད་རིམ་6.8ཅན་གྱི་ས་ཡོམ་བྱུང་ཞིང་། ཡོམ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་16ཡོད། མིག་སྔའི་བར་དུ། ས་ཡོམ་ཁྲོད་མི་21རྐྱེན་ལམ་དུ་ཤོར་བ་དང་། མི་30ལྷག་ལ་རྨས་ཕོག་ཅིང་། ཆུ་དང་གློག། འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁ་ཤས་ལ་གནོད་སྐྱོན་ཐེབས་ཡོད།
ས་ཡོམ་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ། སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང་དུ་ཚད་རིམ་6.8ཅན་གྱི་ས་ཡོམ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་ཡོད། ཚེ་སྲོག་མྱུར་སྐྱོབ་བྱེད་པ་ལས་འགན་གཙོ་བོར་བཟུང་ནས། སྟོབས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་དང་མི་སྣ་ཤི་རྨས་ཀྱི་ཚད་ཆེས་ཉུང་དུ་གཏང་དགོས། ས་ཡོམ་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། ཞོར་ཐོན་གནོད་འཚེ་འབྱུང་བར་འགོག་ཟོན་དང་གནོད་ཐེབས་མང་ཚོགས་ཀྱི་ཉེན་གཡོལ་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས། མཁོ་བསྟུན་དོ་དམ་པུའུ་སོགས་སྡེ་ཁག་གིས་ལས་དོན་ཚོགས་པ་སི་ཁྲོན་དུ་ཡོམ་འགོག་རྒུད་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་དགོས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ཀྱི་བྱ་བར་རོགས་འདེགས་བྱས་ནས་ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། དུས་ཚོད་དམ་འཛིན་གྱིས་གནོད་འཚེའི་གནས་ཚུལ་ལ་ཞིབ་དཔྱད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྨས་མ་སྐྱོབ་དགོས་པ་དང་། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་སྔོན་འགོག་ལ་དོ་སྣང་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱ་དགོས་ལ། མགྱོགས་མྱུར་གྱིས་གནོད་ཐེབས་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཞིག་བཟོ་བྱ་དགོས། འབྲེལ་ཡོད་སྡེ་ཁག་གིས་ས་གནས་ཀྱི་ཡོམ་འགོག་རྒུད་སྐྱོབ་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་ལྟར། འཕྲལ་བསྟུན་དོ་དམ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་ལས་དོན་ཚོགས་པ་གནོད་ཁུལ་དུ་གནོད་སེལ་མཛུབ་ཁྲིད་དུ་མངགས། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱིས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་སེལ་ལས་ཀ་བསྒྲུབས་པ་དང་། མགྱོགས་མྱུར་ངང་གུར་དང་ཉལ་ཆས། ལྟེབ་རྩེག་ཉལ་ཁྲི་སོགས་གནོད་སེལ་དངོས་ཟོག་གནོད་ཁུལ་དུ་བསྐྱལ། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། །