༄༅། །དགའ· བཀྲ་ཤིས་རྡོ་རྗེའི་སྙན་རྩོམ་འོས་སྦྱོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


དགའ་བཀྲ་ཤིས་རྡོ་རྗེའམ་ཆས་པ་བཀྲ་ཤིས་རྒྱ་མཚོ་ལགས་ནི།   1985ལོའི་དབྱར་གཞུང་ཞིག་ལ་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཆས་པའི་གཤིས་སྐེད་རགས་སྡེ་བ་ནས་སྐྱེས་ཤིང་། 2001ལོ་ནས་བཟུང་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཕྲ་མོ་དག་མཁའ་ལ་འཕྱོ་སྟེ་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ།>>དང་<<གངས་རྒྱན་མེ་ཏོག>><<ཟླ་ཟེར།>><<གངས་ལྗོངས་ཉི་གཞོན།>><<མཚོ་སྔོན་བོད་ཡིག་གསར་འགྱུར>> <<གངས་རྒྱན་ན་ཆུང་ཚགས་པར།>> <<མཚོ་སྔོན་ཁྲིམས་ལུགས་ཚགས་པར།>> <<ཀན་ལྷོའི་གསར་འགྱུར།>> <<མཆོད་མེ་རྩོམ་རིག་དྲ་བ།>> དང་<< དགེ་ཆོས་རྩོམ་རིག་དྲ་བ།>> << མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་རྩོམ་རིག་ལེ་ཚན།>> << མཚོ་སྔོན་པོ་དྲ་བ།>>སོགས་ཚགས་དེབ་དྲ་གསུམ་དུ་སྙན་ངག་དང་ལྷུག་རྩོམ། གླུ་ཚིག་བཅས་བརྒྱ་ལྷག་བཀོད།

 2008ལོར་ཁོ་བོའི་སྙན་དེབ་ཐོག་མ་<< ཚེར་མའི་མེ་ཏོག>>དཔར་དུ་བཏབ་ཅིང་། 2011ལོར་<<སློབ་ཆུང་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་གནད་བསྡུས་བློ་གསལ་བྱིས་པའི་མགུལ་རྒྱན་<<སྟོད་ཆ་དང་སྨད་ཆ།>>ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན།  ད་ལྟ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཉིན་པ་སློབ་གྲྭ་ན་བོད་སྐད་ཡིག་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།

 

ལྡོག་གཟུགས།


ཆར་རྗེས་ཀྱི་ཉི་འོད་ནང་གི་འཇའ་ཚོན་དང་རྨ་བྱའི་གཤོག་སྒྲོ།

རྟ་ཕོའི་བང་རྩལ་གྱི་རྗེས་ཤུལ་ན་རྩེན་པའི་ས་རྡུལ་ཕང་ཕུང་།

མི་ཚོགས་ཀྱི་ངོ་གདོང་ནས་འབབ་པའི་དྭངས་གཙང་གི་ཆུ་ཐིགས་ཟེགས་མ།

བདག་དང་ཡུན་རིང་འགྲོགས་པའི་སེམས་ཁོང་གི་གསང་བ་དག

ཁྱོད་ཀྱི་ཁྲག་རྩ་དང་ལུས་ཁམས་ཀྱི་ཆ་ཤས་ཡོངས་སུ་བསྡམས་པས།

ཆུ་སེར་གྱི་ཕུང་བོ་གཏོས་ཆེ་བ་ཞིག

ངོ་གདོང་གི་ཡོལ་རས་མུན་ནག་པ་ཞིག

དེ་རིང་བདག་གིས་མངོན་སུམ་དུ་མཐོང་བྱུང་།

དེ་རིང་བདག་གིས་དཔའ་བོ་དེ་དྲན་བྱུང་།

 

སེམས་ཀྱི་ཕོ་བྲང་ན་འཕྲོ་བའི་གསེར་གྱི་རྒྱ་ཕིབས་ཤིག

མི་ལག་གི་རོལ་རྩེད་ཁྲོད་ན།

ལྡེམ་ཤུགས་དང་བརྐྱངས་བསྐུམ་ཁྲོད་ན།

རྒྱ་སྟག་གི་ངར་ཤུགས་དང་བཙག་རླུང་གི་ཟིལ་ཤུགས་ཁྲོད་ན།

གཙུག་ལག་ཁང་གི་སྒོ་མདུན་ན་ཀྲོང་ངེར་འགྱིང་བའི་གནའ་བོའི་རྡོ་རིང་དེ།

ཁྱོད་དང་ང་ཡི་སེམས་གཏིང་དུ་བཙུགས་པ་བཞིན།

མི་སེམས་དག་གི་ནང་རོལ་ལ་ཡང་བསྐྱར་ལག་གཉོར་ཐེངས་གཅིག་དང་།

ཐ་སྙད་ཅིག་གི་འགྲེལ་ལོག་ལ་གསལ་འདེབས་ལན་གཅིག་བྱ་དགོས་ཨང་།

 

བདག་གི་མིག་མདུན་གྱི་གཤིན་ས་ནས་འཁྲུངས་པའི་གསེར་གྱི་མྱུ་གུ་ཡ།

གནའ་བོའི་རང་གཤིས་མ་ཡལ་བའི་ས་ཆེན་གྱི་གནས་མལ་འདི་ན།

ཚན་རྩལ་གྱི་འཕུར་གྲུས་ཕ་ཡུལ་གྱི་བར་སྣང་བཀབ་པས།

རྩྭ་ཐང་དང་བྱ་བྱེའུ་ལ་ལྕགས་དྲ་བསྐོར་གྱིན་འདུག

ངུ་ངག་གི་གདངས་དབྱངས་ཐོག་མ་མཆེད་ས་འདི་ན།

གསེར་མདོག་གི་རྒྱ་ཕིབས་ལ་དུས་རབས་ཀྱི་གྲང་རླུང་ལྡང་བས།

ས་རྡུལ་དང་ཧྲལ་ཧྲུལ་གྱི་རང་མདངས་སྤྱི་གཙུག་ཏུ་བསྒྲེངས།

 

དེ་ནས་རིང་དུ་མ་སོང་བའི་ཡུལ་གྲུ་ཞིག་ན།

གསེར་དངུལ་གྱིས་བརྒྱན་པའི་ཤེལ་གྱི་གཟིམ་ཁང་ཞིག་བྱུར་བུར་གཏམས་འདུག

ཉི་འོད་ཀྱི་འཕྲེད་ཐིག་སྙིང་གཏིང་དུ་ཕོག་པས།

ནམ་ཡང་།   འོད་ཀྱི་གོང་བུ་ཅིག    རེ་བའི་མྱུ་གུ་ཞིག

མགོ་ཐོག་ནས་ལུས་ཀྱི་ཤ་གསེང་དུ་ཟུག་པས།

བདག་གི་མི་ལུས་འདི་དོན་མེད་དུ་བསྐྱུར་ག་ལ་ཕོད།

བདག་གི་སྤུན་ཟླ་རྣོ་འདྲ་བོ་དེ་བརྗེད་ག་ལ་ཐུབ།

 

བདག་གི་ཤེལ་གྱི་ཕོ་བྲང་།

བདག་གི་དབྱངས་གསལ་སོ་བཞི།

བདག་གི་གཅེས་པའི་ཕ་ཡུལ།

 


ཉི་འོད་ཀྱི་གསེར་སྐུད་ལ་འཁྱུད་པའི་སེམས་པ།


སྲ་མཁྲེགས་ཀྱི་རང་བཞིན་མ་ཡལ་བའི་མགོ་རུས་རྙིང་བ་ཞིག

དྲན་གདུང་གི་མཚོ་མོ་མ་སྐམ་པའི་ཨ་མའི་འབོད་སྐད་ཅིག

མཁའ་དབྱིངས་ནས་རི་རབ་ཁྲི་ཕྲག་གི་སྨུག་སྤྲིན་གཏོར་ཏེ།

སེམས་གཏིང་གི་རྨ་ཁ་ལ་བསེར་སེར་གྱི་རླུང་བུ་གཡོས་པ།

གནའ་བོའི་ཡུལ་ལྗོངས་ཤིག་གི་ལྷན་པ་འདྲུད་བཞིན།

མིག་ཟུང་གི་གཤོག་པ་ཀེམ་ཀེམ་དུ་འགུལ་བཞིན།

སུ་ཞིག་ལ་ཡིད་ཆེས་དང་རེ་སྨོན་བཅིངས་ཡོད་དམ།

སུ་ཞིག་གི་དྲན་ཤིང་ལ་དུས་རབས་ཀྱི་རྩུབ་བརྡར་གནང་བྱུང་།

 

ཡིད་དུ་སྒོམ་པ་དག་མཁའ་ལ་མ་འཕྱོ་བའི་སྔ་རོལ་དུ།

ལུས་ཀྱི་ཁུར་བོ་དག་ཐང་ལ་མ་ལྷུང་བའི་སྔ་རོལ་དུ།

ད་དུང་།   ཐག་རིང་ན་མཛུབ་མོ་ཀེར་བཞིན་པའི་མི་ཚོགས་ཀྱི་འདུ་ལོང་།

ཉིན་སྲིབ་ཀྱི་དཀྱོག་མཚམས་སུ་བྱིས་པ་དམར་རྗེན་ཅིག་གི་རྗེས་ཤུལ་ལ།

ས་རྡུལ་དང་ཁ་བ་མཉམ་དུ་དཀྲུགས་བཞིན།

ཉི་མ་དང་ཟླ་བའི་ཁ་ཕྱོགས་བསླུ་བཞིན།

གསང་གཏམ་གྱི་ཨ་ལོང་གི་ལྷུ་ཚོགས་གཏོར་བཞིན།

ཁ་རོག་གེར་གངས་འདབས་ཀྱི་རི་གྲོང་གི་འཆར་ཡན་ལ་འཐིམ་སོང་།

 

རི་ཚོགས་ཀྱི་ཕ་རོལ་ན་མག་མོག་གི་གྲིབ་གཟུགས་གཉིས།

ས་ལ་བསྡད་ནས་སྡང་མིག་གི་ཟུར་མདའ་འཕེན་བཞིན།

རུམ་གཞོང་གི་གྲི་ཤུབས་ལ་ཡང་ཡང་རེག་གི་འདུག

དུས་དེར།   བར་སྣང་ན་གཤོག་འགྱུར་གྱི་སྣེ་མོ་བྲག་ངོས་སུ་འབྲད་པའི།

ཆུ་ཆེན་གྱི་རླབས་ཕྲེང་ཕྱོགས་བཞི་ལ་གཏོར་བཞིན།

ཡུལ་ལྗོངས་ཀྱི་མཛེས་པ་རབ་རིབ་ཀྱི་སྣང་བ་ལ་འཐིམ།

གང་ལྟར།   བདག་གི་སྙིང་ནས་བརྩེ་བའི་ཉི་འོད་ཡ།

སྐྱིད་ཀྱི་རུ་མ་དང་སྡུག་གི་མུན་པ་སེལ་བའི་གསེར་སྐུད།

གྲང་རེག་གི་ཟིལ་ཤུགས་ཁྲོད་ན་དཔའ་ངར་གྱིས་འགྱིང་བཞིན།

ཡིད་གཉིས་ཀྱི་རྨོངས་པ་འོད་ཀྱིས་བརྒྱན་ནས་གསལ་བར་སྤྲོས།

 

ཆར་ཆུ་ནི་ནམ་ཡང་མིག་ཆུ་མིན་ལ།

མིག་ཆུ་ནི་ནམ་ཡང་ཆར་ཆུ་ཡིན་མི་སྲིད་པས།

ཁ་བའི་རྡུལ་འཚུབ་ཀྱི་རླུང་ཆེན་ཁྲོད་ན།

རྟ་ཕོ་ཁྱུ་ཅིག་གི་རྗེས་ཤུལ་ལ་རི་མོ་འབྲི་བཞིན།

ཨ་མའི་འབོད་སྐད་དང་བརྩེ་བའི་རི་མོ་བཀྲ་བས།

དཔའ་གདེང་གི་ལང་ཚོ་ལ་གཟི་བརྗིད་ཀྱི་ཕྲ་རྒྱན་བཏབ་ན།

ང་ཚོ་ནི་ནམ་ཡང་ཉམས་པ་མེད་པའི།   རྟག་ཏུ་བརྩེ་བ་ཆེ་བའི།

ཁ་སང་གི་འཁུན་སྒྲ་རིང་མོ་དེ།   དེ་རིང་གི་འོད་སྣང་ཡིན་མི་སྲིད་དམ།

 


ཆུ་འགྲམ་གྱི་མེ་ཏོག


ཚ་གདུང་གིས་ཟོས་ཚར་བའི་གངས་གྲོང་གི་འདབས་རོལ།

མི་སེམས་ཀྱི་སྙིང་དུ་གནོད་པའི་མྱ་ངན་གྱི་བྱེ་ཐང་།

འབྲོང་གཡག་གི་ཁྱུ་ཚོགས་དེད་ཤུལ་གྱི་ས་རྡུལ་ཕང་ཕུང་།

ལོ་ཟླའི་འགག་ཕྲེང་གི་བར་གསེང་ན།

ལྷོད་ཀྱི་འཕྱུར་ཞིང་ཤུགས་ཀྱིས་ལྡིང་ནས།

མིག་མདུན་གྱི་རྐང་ལམ་ཕྲ་མོ་དུས་རླུང་གི་སོ་མཚམས་སུ་སྐྱེལ་བྱུང་།

 

སྤྲིན་ནག་མ་འཁྲིགས་པའི་དུས་སྔོན་དུ།   དྲག་ཆར་མ་བབས་པའི་སྔ་རོལ་དུ།

ལྷོ་བྱང་གི་བར་མཚམས་ན་འབྲུག་སྒྲ་འུར་འུར་དུ་ལྡིར་ཞིང་།

བར་སྣང་ན་ཁྲུང་ཁྲུང་གི་འཕུར་རྩལ་བཀག་པས།

རེ་བའི་མུ་ཏིག་གི་ཕྲེང་ཐག་ཆད  འདུན་མའི་ཉི་འོད་དེ་སྤྲིན་གྱིས་སྒྲིབ།

 

སྙིང་ཁོང་གི་དབུ་རྩེ་ན་རྨ་ཁའི་ཆུ་སེར་གྱི་ཝུ་བ་རྒོད་པས།

སྙིང་ཉེ་མ་དང་བྱམས་ལྡན་མའི་དབུ་སྐྲ་དཀར་པོ།

མཐོན་མཐིང་གི་མཁའ་དབྱིངས་ནས་ཁ་བའི་མེ་ཏོག་གི་འདབ་མ་འཐོར་བྱུང་།

དགུན་ཟླ་རིང་མོའི་གནམ་གཤིས་ཀྱིས་བདས་པའི་ཞུམ་མེད་ཀྱི་ཤྭ་བ།

ཁེར་རྐྱང་གི་ནང་རོལ་ན་ངུ་འབོད་བྲལ་བའི་རྫ་སྒང་གི་ཡུ་མོ།

ཁ་ཆར་བུ་ཡུག་གི་སོ་ཁ་ན་རྩེན་པའི་ཆུ་འགྲམ་གྱི་མེ་ཏོག

 

དུ་སྨུག་ཡོད་ཚད་མཐའ་རུ་བསྐྲད་པའི་འོད་ཀྱི་ཕུང་བོ་ཞིག

ལག་ཟུང་གི་འདབ་མས་མགོ་བོ་སྐྱོར་བཞིན་ཁྱེད་ཕྱོགས་སུ་སྤུར་གྱིན་ཡོད།

ཁབ་བརྩེགས་ཐེངས་མང་གནང་རྗེས་ཀྱི་དུག་མདའ།

འཁྱགས་གྲང་ཉིས་བརྩེགས་ཀྱི་ཟླ་འོད་མོད་པོ།

དྲན་སླ་ཞིང་བརྗེད་དཀའ་བའི་ལོ་ཟླ་རིང་མོ།

 

སེམས་ཀྱི་སྙིམ་པ་ན་འཐིམ་པའི་དྲན་གདུང་གི་ཁྲག་གཤེར།

ཉེ་འགྲམ་གྱི་ཕང་བ་ན་རྩེན་པའི་མེ་ཏོག་གི་ཟིལ་བ།

ལང་ཚོ་མ་སྨིན་ཞིང་སྐྱེ་འཆི་མི་གསལ་བའི་རྒས་གཉེར་གྱི་རི་མོ།

མཐའ་ཡས་ཤིང་གཏིང་མཐའ་བྲལ་བའི་གཙང་བོ་ཞིག

མིག་མདུན་དུ་བཞུར་བ་ནས་བཟུང་།

ན་ཟུག་གི་འཁུན་སྒྲ་གཙང་བོ་རུ་འདྲེས་ནས།

ས་ཆེན་དང་ཡུལ་ཆེན་གྱི་ས་བོན་དུ་བཏབ་སོང་།

 


སློབ་བུ་ཚོ་དྲན་པ།                                

ངལ་གསོའི་མེ་ཏོག་གི་ཕྲེང་བ་གཏོར་ནས།
ཟླ་བ་གཅིག་ལྷག་འདས་པའི་དེ་རིང་།
བདག་གིས་གློ་བུར་དུ་སློབ་མ་ཚོ་དྲན་བྱུང་།
སློབ་མ་ཚོའི་བཀོད་སྒྲིག་གི་ལས་འགན་དེ་དྲན་བྱུང་།
ད་དུང་ཡང་།   ཤ་བ་སྨུག་ཁྲོད་ན་ལུས་པའི་གཏམ་རྒྱུད་དང་།
རྩེད་འཇོའི་སྒྱུ་འཕྲུལ་གྱི་མིག་སྒྱུ་ལ་གཡེང་ནས།
དཔེ་ཁུག་ཆུང་ཆུང་དེ་ལོགས་སུ་བསྐྱུར་མེད་དམ།

དེ་རིང་བདག་གིས་སློབ་མ་ཚོ་དྲན་བྱུང་།
སློབ་མ་ཚོའི་རྣམ་རིག་དང་སྤྱང་གྲུང་དྲན་བྱུང་།
དགུན་གནང་གི་ལས་བྱ་སོ་སོ་འགྲུབ་ལ་ཉེའམ།
གཟབ་ནན་དང་བསམ་གཞིག་རྣལ་མས་བྲིས་ཡོད་དམ།
ཡང་ན།  གྲོག་མའི་སུག་རྗེས་དང་སྨྱོན་པའི་འཆལ་གཏམ།

གང་ལྟར།  མུ་མཐུད་དུ་འབད་པས་བྲིས་དང་། 
གནམ་ལོ་གསར་བའི་དགའ་སྟོན་གྱི་སྐྱ་རེངས་དང་པོ།
ཁྱོད་ཚོའི་མིག་ཟུང་གི་འོད་ཞགས་སུ་སྒོམ་ནས།
མ་འོངས་པའི་མདུན་ལྗོངས་གསལ་བོར་སྟོན་མཁན།
ཐ་སྙད་ཀྱིས་མཚོན་པར་མི་ནུས་པའི་ཡིག་ཚོགས།
སྤོབས་པའི་གོ་ཆ་སྤྲས་པའི་མགྲིན་པའི་ང་རོ།

ལྷག་མའི་དུས་ཚོད་མང་པོ་མི་འདུག་པས།
ཤེས་བྱའི་ཆུ་ཐིགས་རེ་རེ་ནས་རེ་རེ་བསགས་ཏེ།
འཆར་གཞི་ལྡན་ཞིང་འབྲས་བུས་དུད་པ།
ཉིན་འདི་འགར་རླུང་བུ་རྒོད་པས།
འབྲི་དེབ་དང་དཔེ་ཁུག་སོགས་རླུང་ལ་འཁུར་ཏུ་མ་འཇུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1