ཐེངས་འདིའི་མདའ་བཞིའི་རིམས་འགོག་ཁྲོད་མཚོ་བྱང་བོད་སྨན་གྱིས་པྲོག་གསར་ནད་པར་ནད་བརྟག་སྨན་བཅོས་བྱས་ཤིང་ཕན་འབྲས་བླ་ལྷག་བྱུང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། 09-09



          བོད་ཀྱི་གསོ་བ་རིག་པ་ཕྱོགས་ཡོངས་ནས་པྲོག་གསར་གློ་ཚད་ནད་པར་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ནང་ཞུགས།    ཟླ8པའི་ཚེས24ཉིན། མཚོ་བྱང་ཁུལ་གྱིས་པྲོག་གསར་གློ་ཚད་ནད་པ་ཐོག་མ་དེ་སྨན་ཁང་དུ་སྨན་བཅོས་བྱེད་པར་དང་ལེན་བྱས་རྗེས། ཁུལ་བོད་སྨན་ཁང་གི་མགོ་ཁྲིད་ཀྱིས་བཀའ་རྒྱ་ཐོས་མ་ཐག་འགུལ་སྐྱོད་སྤེལ་བ་དང་བཀོད་སྒྲིག་དང་ལེན་ཧུར་ཐག་བྱས་ཏེ་བོད་ཀྱི་གསོ་བ་རིག་པ་པྲོག་གསར་གློ་ཚད་ནད་པར་ནད་བརྟག་སྨན་བཅོས་ཀྱི་ནང་ཞུགས་པའི་བྱ་བའི་ཆེད་དོན་བཀོད་སྒྲིག་གི་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་པྲོག་གསར་གློ་ཚད་ནད་པ་སྐྱོབ་བཅོས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གསར་བ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། བོད་སྨན་གྱི་རྐང་འཛིན་སྨན་པ་བདམས་ཏེ་གནས་གཏན་འཁེལ་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱ་བར་ཞུགས་པ་རེད། བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པའི་ཚོ་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱིས་པར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་གློ་ཚད་ཀྱི་བོད་སྨན་གྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་གསུམ་པ)》རྨང་གཞིར་བྱས་པ་དང་། བོད་ལུགས་གསོ་རིག་གི་ཉེས་གསུམ་འཕེལ་ཟད་འཁྲུགས་གསུམ་གྱི་ནད་གཞི་གྱུར་ཚུལ་དང་བསྟུན་ནས་གསོ་བཅོས་བྱས་ཤིང་།   མདའ་བཞི་ས་ཁུལ་གྱི་ས་ཁོངས་དང་གནམ་གཤིས་ཀྱི་ཁྱད་ཆོས། ནད་པའི་ལུས་པོ་བཅས་དང་ཟུང་འབྲེལ་བྱས་ཏེ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་རྟགས་མེད་པའི་ནད་པར“མི་གཅིག་ལ་ནད་བརྟག་སྨན་བཅོས་བྱེད་ཐབས་གཅིག་རེ”ལག་བསྟར་བྱས་ཏེ་གནད་ལ་འཁེལ་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ནད་ལ་བརྟག་ཅིང་ཉིན་ལྟར་བོད་སྨན་བསྟེན་ནས་སྨན་བཅོས་བྱེད་ཀྱིན་ཡོད་པ་རེད།

 

          བོད་ཀྱི་གསོ་རིག་གི་ཆེད་མཁས་པས་གནས་གཏན་འཁེལ་གྱི་སྨན་ཁང་དུ་དྲ་ཐོག་ནས་ནད་དཔྱད་བྱས་པ། ནད་ཁུལ་གྱི་བོད་ཀྱི་གསོ་རིག་ཆེད་མཁས་པས་དྲ་ཐོག་ནས་སྨན་བཅོས་སྐྱོབ་བཅོས་ཚོ་ཆུང་གི་ཆེད་མཁས་དང་མཉམ་དུ་ནད་དཔྱད་བྱས་པ་བརྒྱུད། སྐྱོབ་བཅོས་ཚོ་ཆུང་གིས་ནད་པའི་ནད་རྟགས་ལ་གཞིགས་པ་དང་དེ་བཞིན་གཞོགས་འདེགས་ཀྱི་བརྟག་དཔྱད་མཇུག་འབྲས་ལེགས་སྒྲིག་དང་དབྱེ་ཞིབ་བྱས་ཏེ་ཐོག་མའི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་དུས་མཚུངས་སུ་ཇུས་གཞི་དེ་ཞིང་ཆེན་རིམ་པའི་བོད་སྨན་གྱི་ཆེད་མཁས་ཚོ་ཆུང་ལ་བསྐུར་ནས་ཞིབ་བཤེར་གཏན་འབེབས་བྱས་ཏེ་མཐར་ཐུག་གི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་གཏན་འཁེལ་བྱས་པ་རེད། ཇུས་གཞི་དེས་བོད་ཀྱི་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ནད་པའི་ལུས་པོ་མི་འདྲ་བར་གཞིགས་ནས་བོད་སྨན་བཀོལ་སྤྱོད་བྱས་པ་དང་འབྲེལ། བོད་སྨན་ཆེད་མཁས་ཚོ་ཆུང་གི་ནད་དཔྱད་བྱེད་པའི་ལམ་སྲོལ་བཙུགས་ནས་ནད་གཞི་མི་འདྲ་བར་རིགས་དབྱེའི་མཛུབ་ཁྲིད་དང་རིགས་དབྱེའི་སྨན་བཅོས་བྱས་ཤིང་ཕྱི་ལུགས་གསོ་རིག་འཚམ་སར་ཕྱི་ལུགས་གསོ་རིག་སྤྱོད་པ་དང་བོད་ལུགས་གསོ་རིག་འཚམ་སར་བོད་སྨན་སྤྱོད་པའི་མཉམ་འབྲེལ་སྨན་བཅོས་ཀྱི་བྱེད་ཐབས་ཤིག་ཆགས་པར་བྱས།

 

          གསོ་བྱའི་ཆོས་བཅུ་དང་སྦྱར་ནས་བོད་གསོའི་ཁྱད་ལྡན་རྟགས་བཅོས་མངོན་པ། གསོ་བཅོས་གོ་རིམ་ཁྲོད་དུ་ནད་པ་ཁ་ཤས་ལ་ཚ་བ་རྒྱས་པ་དང་ཕྲུམ་སེར་ཁྱེར་བ། ཚིགས་གཞི་ན་བ། ཐང་ཆད་པ་སོགས་ཀྱི་ནད་རྟགས་མངོན། ནད་རྟགས་དེ་དག་ནི་བོད་ལུགས་གསོ་རིག་གི་དགོངས་པ་ལྟར་ན་མ་སྨིན་ཚ་བའི་ཁོངས་སུ་གཏོགས་པ་ཡིན། རྒྱུད་ལས། མ་སྨིན་ཚ་བ་ཕྲུམ་སེར་ཚིགས་གཞི་སྲོད་དུས་ན། །ཞེས་དང་། ཡང་དེ་ལས། མ་སྨིན་ཚ་བའི་གཉེན་པོ་གྲོགས་ཐོག་འབེབས། ། གྲོགས་འཕེལ་བ་ནི་ཚ་བ་ཉིད་འཕེལ་བྱེད། ། དེ་ཕྱིར་བད་རླུང་གྲོགས་དེ་ཐང་གིས་དབྱེ། །ཞེས་གསུངས་པ་ལྟར་སྨན་དུ་ཚ་བ་སྨིན་བྱེད་ཀྱི་སྨན་སྦྱོར་ནོར་བུ་བདུན་ཐང་གཙོར་བཟུང་ནས་བཏང་ལ། ཞོར་དུ་གཙོ་བོ་བརྒྱད་པ་དང་ལོ་གྱོན་མ་ལ་སོགས་ཚ་བ་དང་གཉན་རིམས་གཅོག་བྱེད་ཀྱི་སྨན་སྦྱོར་བཏང་བ་ཡིན།    ནད་པ་ཁ་ཤས་ཀྱི་གྲེ་བ་སྐམ་པ་དང་ན་བ།     གློ་ལུ་བ་དང་ལུད་པ་དོན་པ་ལ་སོགས་ཀྱི་མངོན་ཚུལ་འབྱུང་།   འདི་ནི་རིམས་ནད་གློ་བར་བབས་པའི་ནད་རྟགས་ཡིན། དེར་གློ་ཚད་གཅོག་པ་དང་ལུད་པ་སེལ་བའི་སྨན་སྦྱོར་སྲོ་ལོ་བཞི་ཐང་དང་འཁྲུགས་གློ་ཀུན་སེལ།    གློ་ཚད་ཀུན་སེལ་སོགས་བསྟེན་པ། ནད་པ་ཁ་ཤས་ལ་ཕོ་བ་ན་བ་དང་ཁོག་པ་བཤལ་བའི་མངོན་རྟགས་སྟོན་པ།  དེར་རིམས་ནད་ཕོ་བར་བབས་པའི་གབ་ཚད་ཀྱི་ཁོངས་སུ་གཏོགས་པ་རེད། རྒྱུད་ལས། གབ་ཚད་གྲང་བ་མགོ་ཕུར་དྲོད་ཀྱིས་བཤུ། །ཞེས་གསུངས་པ་ལྟར་གོང་གི་གཙོ་བོ་བརྒྱད་པ་སོགས་ཀྱིས་ཚད་པ་གཅོག་པའི་ཞོར་དུ་ཕོ་བའི་མེ་དྲོད་གསོ་བྱེད་ཀྱི་ཟླ་ཤེལ་ཆེན་མོ་སོགས་ཁ་སྣོན་བྱས་པ།  གོང་གི་བཅོས་ཐབས་དེ་དག་ནད་ཐོག་ཏུ་ཐོག་མཐའ་བར་གསུམ་དུ་བེད་སྤྱད་ནས་དུས་ཡུན་ཐུང་ངུའི་ནང་དུ་ནད་པའི་ཚ་བ་འཇགས་པ་དང་ལུད་པ་སེལ་བ།   གློ་ལུ་བ་མཚམས་འཇོག་པར་བྱས་ནས་ནད་གཞི་མངོན་གསལ་དུ་དྲག་སྐྱེད་བྱུང་།

          ཟླ9བའི་ཚེས5ཉིན་གྱི་ཆུ་ཚོད12བར་བོད་སྨན་གྱིས་བརྒྱུད་རིམ་ཧྲིལ་པོར་པྲོག་གསར་གློ་ཚད་ནད་པ9སྐྱོབ་བཅོས་བྱས་ཤིང་དེའི་ནང་ནད་པ2ནི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ཡང་ཤོས་ཡིན་པ་དང་ནད་པ7ནི་ནད་རྟགས་མེད་པའི་ནད་པ་རེད། མིག་སྔར་ནད་པ9ཡི་ཁྲོད་ནད་པ1གསོ་རིག་ལོགས་བཀར་ལྟ་ཞིབ་ལས་གྲོལ་ཞིང་ད་ལྟ་བདེ་ཐང་སླར་གསོའི་དུས་མཚམས་སུ་སླེབས་པ་དང་། ནད་པ2གཞི་རྩའི་སྟེང་ནས་གསོ་རིག་ལོགས་བཀར་ལྟ་ཞིབ་ལས་གྲོལ་ཆོག་པའི་དུས་མཚམས་སུ་སླེབས་ཡོད། ལྷག་མའི་ནད་པ6གི་བདེ་ཐང་གནས་ཚུལ་བརྟན་པོ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1