༄༅།། ཆུ་ནང་ལ་ལྷུང་རྗེས་ཀྱི་རང་སྐྱོབ་ཤེས་བྱ་འདི་དག་ཤེས་རྒྱུ་གལ་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 09-12



 ཆུ་ནང་ལ་ལྷུང་རྗེས་ཀྱི་རང་སྐྱོབ་ཤེས་བྱ་འདི་དག་ཤེས་རྒྱུ་ཧ་ཅང་གལ་ཆེ།


         ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་གྱི་ཨ་ཡག་ཝ་སྡེ་བ་རུ། བྱིས་པ་ཞིག་ཞིང་བར་གྱི་ཆུ་མཛོད་ནང་ལ་ལྷུང་རྗེས། དེའི་གཉེན་ཉེ་དྲུག་བསྟུད་མར་ཆུ་ནང་ལ་མཆོངས་ཏེ་སྲོག་སྐྱོབ་བྱས་ཀྱང་། མཐར་མི6པོ་ཆུ་ལ་འཐིམས་ཏེ་ཚེ་ལས་འདས་པའི་དོན་རྐྱེན་བྱུང་ཡོད། དེ་ན། རང་ཉིད་ཆུ་ནང་ལ་ལྷུང་ན་ཇི་ལྟར་རང་སྐྱོབ་བྱེད་པ་དང་། མི་གཞན་པ་ཆུ་ནང་ལ་ལྷུང་བ་མཐོང་ན། མྱུར་སྐྱོབ་ཇི་ལྟར་བྱ་དགོས་སམ་ཞེ་ན།

 

པར་རིས་དྲ་བ་ལས་དྲངས། 

     གཅིག རང་ཉིད་ཆུ་ནང་ལ་ལྷུང་ན་བཀན་གཡེང(仰漂)གི་རྣམ་པ་ལྟར་རང་སྐྱོབ་བྱས་ཆོག

     ཆུ་ནང་ལ་ལྷུང་རྗེས། རང་སྐྱོབ་བྱེད་པའི་དུས་ལེགས་ཤོས་ལ་སྐར་མ4ནས6ཙམ་མ་གཏོགས་མེད། ཆུ་ལ་རྐྱལ་མི་ཤེས་པའི་མི་ལ་མཚོན་ན།

 ཀ ཆུ་ནང་ལ་ལྷུང་རྗེས། དབུགས་ལེན་ཚད་ཇེ་དལ་དང་རྐང་ལག་བཞི་པོ་ལྷོད་ལ་བབས་ཏེ། ཆུ་ཁ་ལ་གཡེངས་ནས་འདུག་ཐབས་བྱ་དགོས།

 ཁ ནུས་ཚོད་ཀྱིས་བཀན་རྐྱལ་དུ་བསྡད་དེ་མགོ་བོ་ཆུ་ངོས་སུ་ཐོན་དུ་བཅུག་ནས་དབུགས་ལེན་པ་དང་ཉེན་བརྡ་གཏོང་ཐུབ་པར་བྱ་དགོས།

 ག རྐང་པ་ལ་རྩ་འཐེན་འདྲ་བྱུང་ཚེ། འཕྲལ་མར་ལག་པ་གཅིག་གིས་རྐང་པའི་མཛུབ་མོ་རྒྱབ་ལོགས་སུ་འཐེན་པ་དང་ཉྭ་རིལ་ལ་གནོན་འཕུར་བྱ་དགོས།

 ང ཆུ་རྩྭ་དང་དངོས་པོ་གཞན་པས་རྐང་ལག་ལ་དཀྲིས་བརྒྱབ་ཚེ། དབུགས་ཆེན་པོ་བླངས་རྗེས་ཆུ་ནང་དུ་འཛུལ་ཏེ་དེ་དག་ལས་ཐར་ཐབས་བྱ་དགོས།

 

པར་རིས་དྲ་བ་ལས་དྲངས། 

     གཉིས། རྨོངས་ཚོད་ཀྱིས་མྱུར་སྐྱོབ་བྱས་ན་རང་ཉིད་ཀྱང་ཉེན་ཁའི་གནས་སུ་ལྷུང་སྲིད།

     “ཆུ་ལ་རྐྱལ་ཤེས་པ་ཙམ་གྱིས་ཆུ་ནང་ནས་མི་སྐྱོབ་ཐུབ་པ་མིན།” ཆུ་ནང་ལ་ལྷུང་བ་ཡིན་ན། ཐོག་མར་རང་ཉིད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། རྨོངས་ཚོད་ཀྱིས་མྱུར་སྐྱོབ་བྱས་ན། རང་ཉིད་ཀྱང་ཉེན་ཁའི་གནས་སུ་ལྷུང་བ་ཡིན། གལ་ཏེ། མི་གཞན་པ་ཆུ་ནང་ལ་ལྷུང་བ་མཐོང་ཚེ།

 ཀ སྐད་ཆེན་པོས་འུར་བརྒྱབ་སྟེ་རོགས་བྱེད་མཁན་མང་པོ་འབོད་པ་དང་། དུས་མཚུངས་སུ110ལ་ཉེན་བརྡ་གཏང་དགོས་པར་མ་ཟད། ད་དུང120གི་མྱུར་སྐྱོབ་མི་སྣར་ཡང་འབྲེལ་བ་བྱ་དགོས།

 ཁ ཐད་ཀར་ཆུ་ནང་ལ་མཆོངས་པའམ་ཡང་ན་ལག་པས་ལག་པ་འཐེན་ནས་མྱུར་སྐྱོབ་བྱེད་མི་རུང་། དེ་ལྟར་བྱས་ན། ཚང་མ་ཆུ་ནང་དུ་ལྷུང་བའི་ཉེན་ཁ་ཡོད།

 ག མྱུར་སྐྱོབ་དངོས་པོ་སྟེ་དབུགས་ལྒང་དང་ཤིང་ལེབ། དབྱུག་པ། སྡོང་བོའི་ཡལ་ག་སོགས་ཆུ་ནང་དུ་ལྷུང་མཁན་ལ་སྤྲོད་པ་དང་། མྱུར་སྐྱོབ་བྱེད་དུས། ས་ངོས་སུ་ཉལ་ཏེ་ལག་པ་བསྲིང་དགོས། དེ་ལྟར་བྱས་ན། ཆུ་ནང་དུ་འདྲུད་དཀའ་བ་ཡིན།

 ང ཆུ་ནང་ལ་མྱུར་སྐྱོབ་བྱེད་དུ་འགྲོ་དུས། ཆུ་ནང་ལ་ལྷུང་མཁན་གྱི་རྒྱབ་ཕྱོགས་ནས་རྐྱལ་ཏེ་སོང་ན་བཟང་བ་དང་། ཆུར་ལྷུང་མཁན་ལ་འཕྲད་ན། དེ་ཉིད་ཁ་ལོ་བསྐོར་ཏེ་རང་ཉིད་ལ་རྒྱབ་གཏད་དུ་བཅུག་རྗེས། ཕྱིར་འཐེན་ནས་རྐྱལ་ཡོང་དགོས།

 ཅ ཆུར་ལྷུང་མཁན་དང་ཐག་ཉེ་བ་ན། ལག་པས་དེ་ཉིད་ཀྱི་མཇིང་བའམ་ཡང་ན་མགོ་བོ། ཡང་ན་མཆན་འོག་ནས་ཡར་བཀྱེགས་ཏེ་མགོ་བོ་ཆུ་ངོས་སུ་ཐོན་དུ་འཇུག་དགོས།

 གསལ་འདེབས་ལྷག་མ་ཞིག་བྱ་རྒྱུ་ལ། ན་གཞོན་རིགས་ཀྱིས་མི་གཞན་པ་ཆུ་ནང་ལ་ལྷུང་བ་མཐོང་ན། ཆུ་ལ་རྐྱལ་ཤེས་མིན་གང་ཡིན་ཡང་། ཐད་ཀར་ཆུ་ནང་ལ་མཆོངས་ཏེ་མྱུར་སྐྱོབ་བྱེད་མི་རུང་། རྒྱུ་མཚན་ནི་ན་གཞོན་རིགས་ཀྱི་སེམས་ཁམས་དང་ལུས་ཤུགས་ལ་ཆུ་ནང་དུ་ལྷུང་མཁན་སྐྱོབ་པའི་ནུས་པ་མེད་པར་མ་ཟད། ད་དུང་དེ་ལྟར་བྱས་ན་རང་ཉིད་ལའང་ཉེན་ཁ་འབྱུང་བ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1