ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་ཨུའི་འབྱུང་འགྱུར་གྱི་འབྲེལ་བ་གཏོད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་9ཚེས་13ཉིན། ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡི་གདན་ཞུས་ལྟར་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པའི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི《མི་དམངས་ཀྱི་གཏམ་བརྗོད་ཚགས་པར》དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་སོགས་སྨྱན་སྦྱོར་ཐོག་འགོ་བརྗོད་དུ《ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་ཨུའི་འབྱུང་འགྱུར་གྱི་འབྲེལ་བ་གཏོད་དགོས》ཞེས་འཁོད་པའི་མཚན་བཀོད་གསུང་རྩོམ་སྤེལ་གནང་ཞིང་། གསུང་རྩོམ་གྱི་ནང་དོན་གནད་བསྡུས་གཤམ་གསལ་ཏེ།
“ས་རྒྱུ་གཤིན་པ་དང་། ཞིང་ལས་ལ་གཞོལ་བ། ནགས་ཤིང་སྟུག་པ། འབྲས་ཤིང་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་བ”ལ་སོགས་ནི་ལོ་ངོ་1300ལྷག་ཙམ་གྱི་གོང་ཀྲུང་གོའི་ཐང་རྒྱལ་རབས་ཀྱི་ཆོས་དཔོན་ཞོན་ཙང་གི་སྨྱུག་རྩེ་ལས་ཐོན་པའི་ས་མར་ཧན་གྱི་འབྱོར་ཕྱུག་ལྡན་པའི་མཛེས་རིས་ཤིག་རེད། ལོ་ལེགས་ཀྱི་འབྲས་བཟང་གིས་གཏམས་པའི་སྟོན་ཟླ་འབྲིང་པོ་འདིར། ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡི་གདན་ཞུས་ལྟར་ང་སླར་ཡང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ས་མར་ཧན་དུ་ཡོང་ནས་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་མཉམ་དུ་ཀྲུང་ཨུའི་མཉམ་ལས་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་དང་འབྲེལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་མར་ཧན་དབུ་ཚོགས་ལའང་ཞུགས་རྒྱུ་ཡིན།
ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པ་དང་། རླབས་ཆེན་གྱི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་མཛའ་གྲོགས་འགྲོ་འོང་གི་དཔང་པོ་བྱས་ཡོད།
འདི་ལོ་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་30ཡི་རིང་ཀྲུང་ཨུའི་འབྲེལ་བའི་ཤིང་སྡོང་ཆེན་པོའི་རྩ་བ་བརྟན་ལ་ཡལ་འདབ་རྒྱས་ཡོད། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན། ཕྱར་བ་གྲུ་འདེགས། གཉིས་ཕན་མཉམ་ཁེ་བཅས་བྱས་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་ཡོད།
ང་ད་ཐེངས་ཨུ་ཟ་བྷེ་ཁི་སི་ཐན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་མར་ཧན་དབུ་ཚོགས་ལ་ཞུགས་རྒྱུ་ཡིན། འདི་ལོ་ནི《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་ཁྲིམས》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བ་དང《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་ཀྱི་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་15འཁོར་བ་དང་ཏག་ཏག་འཁེལ་ཡོད། རྩ་འཛུགས་དེས་རྩ་ཁྲིམས་དང་ཆིངས་ཡིག་ནང་གཏན་འཁེལ་བྱས་པའི་དམིགས་ཡུལ་དང་རྩ་དོན་གྱི་མཛུབ་ཁྲིད་འོག“ཧྲང་ཧའེ་ཡི་སྙིང་སྟོབས”ལག་ལེན་བསྟར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ། ཁོངས་མིའི་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་དོན་གཉེར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་གསར་པ་ཞིག་བཏོད་པས། ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
བློ་ཁ་ཕྱོགས་ས་ཡོད་ན། ལམ་ཐག་རིང་པོ་ཡོད་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་པ་དང་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ལམ་བུའི་ཐོག་མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། ཀྲུང་ཨུའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་བསམ་འདུན་དང་དམིགས་ཚད་ཀྱི་ཕྱོགས་སུ་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།