རྔ་བ་ཁུལ་གྱི་རིམས་འགོག་ཚོད་འཛིན་གྱི་ལས་ཀའི་དངོས་ཟིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས། སྤེལ་དུས། 09-16






མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་དགོས། 

                           

 

རྔ་བ་ཁུལ་གྱི་རིམས་འགོག་ཚོད་འཛིན་གྱི་ལས་ཀའི་དངོས་ཟིན།




    ད་ལོའི་སྟོན་ཁ་ནི་ཆེས་སྤྱིར་བཏང་བ་ཞིག་མ་ཡིན་ཏེ་འཇིགས་ཡེར་ཡེར་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་མི་རྣམས་ཀྱི་ལྷིང་འཇགས་ཀྱི་འཚོ་བ་ཀུན་ནས་དཀྲོགས།   



     ད་ལོའི་ཟླ་8ཚེས་18ཉིན་ནས་བཟུང་སྟེ། རྔ་བ་ཁུལ་གྱི་ས་ཆ་མང་པོར་ཏོག་གསར་གློག་ཚད་ཀྱི་ནད་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་། 


     ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་བ་དང་མི་དམངས་ཀྱི་ཁེ་ཕན་ནི་ཡོད་ཚད་ཀྱི་གཞི་མ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་སྐར་མ་ཞྭ་བྱེད་དང་བ་མོ་ལྷམ་བྱེད་ཀྱིས་འཐབ་པ་ནི། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་སྲུང་བའི་ཆེད་ཡིན་པ་སྨོས་ཅི་ལ་དགོས། དེ་ནི་དོམ་ཁྲའི་འཚོ་གཞིས་དང་དག་ཞིང་གི་རྔ་བ་ཞེས་པའི་མཚན་སྙན་མིག་འབྲས་བཞིན་སྲུང་བའི་འཐབ་འཁྲུག་ཅིག་ཀྱང་ཡིན་པ་གོར་མ་ཆག 

     རིམས་ནད་ནི་བཟློག་ཏུ་མེད་པའི་རྦབ་རྡོ་ལྟ་བུ་ཡིན་ལ་སྔོན་འགོག་ནི་གཟུར་དུ་མེད་པའི་འོས་འགན་ཡིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྣེ་ཁྲིད་ཀྱི་མཐུ་འོག་ནས་ཁུལ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ།  སྨན་གཡོག་མི་སྣ། དང་བླངས་པ་ཕལ་མོ་ཆེས་རང་དོན་འཕོངས་ཕྱིས་ཀྱི་རྡོ་བཞིན་རིང་དུ་དོར་ནས་རིམས་འགོག་ཚོད་འཛིན་གྱི་འཐབ་འཁྲུག་ལ་ཞུགས། དམངས་ཡོངས་འཐབ་འཁྲུག་ལ་ཞུགས་པའི་གོ་རིམ་ཁྲོད་དུ་རྔ་བ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་རེ་འདུན་དང་བཀོད་སྒྲིག་མ་ལུས་བྱ་སྤུ་གནོན་ལྟར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་ནུས་ཤུགས་ཡོད་རྒུས་བསྲུངས་དང་སྲུང་བཞིན་གདའོ། །




 ཚན་རིག་གི་ཐབས་མཆོག་ལ་བརྟེན་ནས་རིམས་ནད་ལ་རྒོལ་ལན་སྤྲད།


     འདི་ནི་རིམས་ནད་ཀྱི་འཇིགས་པ་ལ་རྒོལ་བའི་འཐབ་འཁྲུག་ཅིག་ཡིན་ལ་དུས་ཚོད་ཀྱི་འགྲོས་དང་གཤིབས་པའི་འགྲན་སྡུར་ཞིག་ཀྱང་ཡིན། 


     ད་ལོའི་ཟླ་8པ་ནས་བཟུང་སྟེ། བོད་ལྗོངས་དང་མཚོ་སྔོན། ཀུན་སུའུ་སོགས་ཀྱི་ས་ཆ་མང་པོར་རིམས་ནད་ཀྱི་འཇིགས་པས་རྒོད་ཅིང་གཙེས། རྔ་བ་ཁུལ་དང་འདབས་འབྲེལ་བའི་ཀན་ལྷོ་དང་མགོ་ལོག དཀར་མཛེས། ཁྲེང་ཏུའུ་སོགས་སུ་ས་གནས་རང་གི་ཏོག་གསར་ནད་པ་བྱུང་སྟབས། རྔ་བ་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་འཇིགས་སྐུལ་ཐེབས།    


     མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་གཞི་མར་བཟུང་སྟེ། རིམས་འགོག་ཚོད་འཛིན་གྱི་ལས་ཀ་ནི་ལས་ཀ་ཡོངས་ཀྱི་ཆེས་གལ་ཆེན་དུ་འཛིན་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གལ་ཆེན་རང་བཞིན་ལ་ངེས་ཤེས་གསལ་བོར་འདྲོངས་ཏེ། དེ་ནི་ལས་ཀ་ཡོངས་ལས་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས་ཡོད། རིམས་ནད་ཀྱི་འཇིགས་པས་གཙེས་པ་ནས་བཟུང་སྟེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་ཆ་གཞན་གྱི་ནད་པ་ནང་དུ་མི་ཡོང་བའི་འཛིང་རགས་བརྟན་པོ་བསྐྲུན་པ་དང་། ནང་གི་ནད་པ་བསྐྱར་ལོག་མི་བྱེད་པའི་སྤྱིའི་ཐབས་ཇུས་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལ་འགྱུར་བ་ཡེ་ནས་མེད་པར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་མཛད་ཅིང་། ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ལན་སློག་པའི་མཁོ་བསྟུན་བཀོད་འདོམས་པུའུ་དང་ཆེད་མཁས་ཚན་ཁག་གི་སློབ་སྟོན་འོག་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལས་ཁུངས་དང་བཀོད་འདོམས་ཀྱི་མ་ལག་གསར་དུ་བསྐྲུན་ཏེ། སྟོབས་ཤུགས་དང་ཐོན་ཁུངས་མ་ལུས་བཀོད་འདོམས་གཅིག་གྱུར་བྱས་ནས་རང་མོས་ཀྱི་ཚོད་འཛིན་དང་ཚན་རིག་གི་ཚོད་འཛིན། གནད་འཁེལ་གྱི་ཚོད་འཛིན་སོོགས་ལག་ཏུ་བསྟར་བ་ཡིན།  



 འགྲོ་འོང་ལ་ཚོད་འཛིན་པ་ནི་རིམས་ནད་གང་སར་མཆེད་པ་དྲུངས་ནས་གཅོད་པའི་དགོས་ངེས་ཀྱི་གདམ་ཀ་ཡིན།  


     རིམས་འགོག་ཚོད་འཛིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་བབ་ལ་གཞིགས་ཏེ། ཟླ་8ཚེས་20ཉིན། ལིས་རྫོང་དང་རྔ་བ་རྫོང་གི་ལྗོངས་ཁུལ་ཡོད་དོ་ཅོག་གནས་སྐབས་སུ་གཉེར་མཚམས་བཞག་དགོས་བྱུང་བ་རེད།   ཚེས་31ཉིན། འབར་ཁམས་གྲོང་ཁྱེར་གྱིས་ཁོངས་ཡོངས་སུ་འཇགས་རྣམ་དོ་དམ་ལག་བསྟར་བྱེད་དགོས་བྱུང་བ་རེད། ཟླ་9ཚེས་4 ཉིན།   ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར)13གྱི་ཁོངས་ཡོངས་སུ་འཇགས་རྣམ་དོ་དམ་མི་བྱེད་ཀ་མེད་བྱུང་། ཟླ་9ཚེས་8ཉིན། རྔ་བ་ཁུལ་གྱི་རྫོང་10རུ་འཇགས་རྣམ་དོ་དམ་གློད་ཀྱང་འབར་ཁམས་དང་རྔ་བ། འཛམ་ཐང་རྫོང་(གྲོང་ཁྱེར)གསུམ་ལ་མུ་མཐུད་དུ་ཉིན་3གྱི་རིང་ལ་འཇགས་རྣམ་དོ་དམ་ལག་ཏུ་བསྟར་བ་རེད། ཟླ་9ཚེས་14ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཉིས་ནས་བཟུང་སྟེ། རྔ་བ་རྫོང་དུ་རིམ་པ་དང་རིགས་བགོས་ནས་གོ་རིམ་བཞིན་འཇགས་རྣམ་དོ་དམ་གློད་པ་རེད། དེ་བས་གནས་སྐབས་ཀྱི་ལྷིང་འཇགས་ནི་རིམས་འགོག་ཚོད་འཛིན་ལ་རྒྱལ་ཁ་ཐོབ་པར་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཅི་ལ་མིན།

     ཉིང་སྐྱུར་བརྟག་དཔྱད་ནི་རིམས་ནད་མི་འགྱང་མྱུར་དུ་ཤེས་པའི་ཐབས་མཆོག་ཅིག་ཡིན། རིམས་ནད་ཀྱི་འཇིགས་པས་གཙེས་པ་ནས་བཟུང་སྟེ། རྔ་བ་ཁུལ་གྱིས་ཏོག་གསར་ནད་པ་དང་ཐོག་མའི་འདེམས་གསེས་ཀྱི་གདགས་གཤིས་མི་སྣའི་འགྲོ་འོང་གི་བཤུལ་ལམ་ལ་གཞིར་བཅོལ་ཏེ། སྐབས་ཐོག་འཕྲལ་གཅོད་ཀྱི་སྒོ་ནས་ཉེན་ཁ་ཆེ་བའི་ས་ཁུལ་བཀག་སྡོམ་དང་ཚོད་འཛིན་བྱས་པར་མ་ཟད།  ཀུན་ལ་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཞིབ་བཤེར་ནན་ཏན་བྱས། དེ་དང་བསྟུན་ནས་ལས་རིགས་སོ་སོའི་མི་སྣ་དང་མི་ཚོགས་ལ་ཉིན་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ལག་ཏུ་བསྟར་བའི་རྨང་གཞིའི་སྟེང་གཟའ་འཁོར་གཅིག་གི་ནང་དུ་ཀུན་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་པ་ཡིན།   

     རིམས་འགོག་ཚོད་འཛིན་གྱི་སྔ་གཞུག་ཀུན་ཏུ་སྡོད་དམངས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་ཆེད། རྔ་བ་ཁུལ་གྱིས་བཀོད་འདོམས་ལས་ཁུངས་ཀྱི་འཚོ་བའི་ཅ་ལག་སྐྱེལ་འདྲེན་ཉིན་མོ་ཞེས་པའི་སྟེགས་བུ་ལ་བརྟེན་ནས། འཚོ་བའི་ཅ་ལག་གལ་ཆེན་བཀོད་འདོམས་གཅིག་གྱུར་བྱས་ཏེ། ཁུལ་ཡོངས་ཀྱི་འབྲུ་སྣུམ་དང་ཤའི་རིགས། ཚོད་མའི་རིགས་སོགས་འཚོ་བར་མེད་དུ་མི་རུང་བའི་ཅ་ལག་རྒྱུན་ལྡན་ལྟར་མཁོ་སྤྲོད་བྱས། དེ་དང་བསྟུན་ནས་ཅ་ལག་གི་རིན་གོང་གང་དགར་ཇེ་མཐོར་གཏོང་བ་སོགས་ཀྱི་སྦྱོར་ངན་རྡུང་རྡེག་ནན་མོར་བཏང་ནས་རིན་གོང་གཏན་འཇགས་ཡིན་པར་ཁག་ཐེག་བྱས།  


     ད་ལྟའི་ཆར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་བརྟེན་ནས། རིམ་པ་ཁག་གི་སྡེ་ཚན་སོ་སོའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བྱིངས་ཀྱི་འབད་བརྩོན་གྱི་མཐུ་ལས་རང་ཁུལ་གྱི་རིམས་ནད་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད་པ་དང་། མུ་མཐུད་དུ་ཇེ་བཟང་དུ་འགྲོ་བཞིན་ཡོད་དོ།།  


 དཔུང་བ་མཉམ་གཤིབ་དང་བློ་ཁ་གཅིག་མཐུན་ནི་ལྕགས་རི་ཡིན།     


     རྔ་བ་ཁུལ་གྱི་ཕོ་མོ་རྒན་གཞོན་མེད་པར་རིམས་ནད་ཀྱི་མདུན་དུ་ཞུམ་མེད་ཀྱི་སྙིང་སྟོབས་ཆེས་ཆེར་བསྐྱེད་དེ་མདུན་ནས་མདུན་དུ་བསྐྱོད་དང་སྐྱོད་ཀྱིན་ཡོད།   

     རིམས་འགོག་ཚོད་འཛིན་གྱི་འགག་རྩའི་དུས་རིམ་དུ་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཚན་སོ་སོའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བྱིངས་ཀྱིས་འགྱིག་གདན་གཅིག་གི་རྡེའུ་དང་དྲ་བ་གཅིག་གི་སྐུད་པ་ལྟ་བུའི་བསམ་བློ་སེམས་ཕུག་ཏུ་ཉར་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམས་འགོག་ཚོད་འཛིན་གྱི་གནས་བབ་ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་དུས་བཟང་འཆོར་དུ་མ་བཅུག་པར་དུས་ཚོད་ཀྱི་འགྲོས་དང་འགྲན་བཞིན་ཡོད་ལ། རིམས་ནད་ཀྱི་འཇིགས་པ་ལ་རྒོལ་ལན་སྤྲོད་བཞིན་ཡོད། འདི་ནི་རྔ་བའི་ས་གཞིའི་ཁྱོན་དུ་དཔུང་བ་མཉམ་གཤིབ་བྱས་ནས་རིམས་ནད་ཀྱི་འཇིགས་པ་ཟིལ་གྱིས་གནོན་པའི་སྟོབས་ཤུགས་ཡིན། 


     འགག་རྩའི་དུས་སྐབས་ཇི་ལྟར་སླེབས་ན་ཐོག་མའི་བསམ་འདུན་གྱི་འོད་ཟེར་དེ་ལྟར་འཕོས་ཐུབ་ཅིང་། འགག་རྩའི་གཉན་ཕྲེང་ཇི་ལྟར་བཙན་ན་ཞུམ་མེད་ཀྱི་སྙིང་སྟོབས་དེ་ལྟར་བརྟན་པོར་གནས་ཐུབ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་བྱིངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས་དཔུང་བ་མཉམ་གཤིབ་དང་བློ་ཁ་གཅིག་མཐུན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྲུངས་ཏེ། རིམས་འགོག་ཚོད་འཛིན་གྱི་འཐབ་འཁྲུག་གི་མཁའ་དབྱིངས་སུ་ཏང་གི་དར་ཆ་ལྷབ་ལྷུབ་ཏུ་བསྐྱོད་པར་བྱས།      


     རིམས་འགོག་ཚོད་འཛིན་གྱི་དཀའ་སྡུག་གི་མདུན་དུ་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་སྐུལ་སློང་ལ་བརྟེན་ནས། ཁུལ་ཡོངས་ཀྱི་གྲོང་སྡེ་1090གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཁྲི་3ལ་ཉེ་བས་གོང་རིམ་གྱི་བཀའ་ཐོས་མ་ཐག་རིམས་འགོག་ཚོད་འཛིན་གྱི་ལས་ལ་ཞུགས་ཏེ། རིམས་འགོག་ཚོད་འཛིན་གྱི་ས་ཚིགས་དང་ལོགས་བཀར་ས་ཚིགས་སོགས་སུ་འོས་འཚམ་གྱི་ཆ་རྐྱེན་འཛོམས་པའི་ས་གནས་སུ་དུས་ཐུང་གི་ཏང་ཀྲི་པུའུ་163བཙུགས་པས། ཉིང་སྐྱུར་བརྟག་དཔྱད་དང་མི་སྣ་ཞིབ་བཤེར། ལོགས་བཀར། འཇགས་རྣམ་དོ་དམ། སྨན་བཅོས་སོགས་གཞན་ཕན་གྱི་ལས་ཀ་མང་པོ་བསྒྲུབས་ཏེ། རིམས་འགོག་ཚོད་འཛིན་གྱི་གསར་བརྗེའི་སྙིང་སྟོབས་མངོན་པར་བསྒྲེངས།  


     གལ་སྲིད་འཐབ་འཁྲུག་བྱེད་ན་འབོད་སྐུལ་ཡོད་པ་ཆོས་ཉིད་ཡིན།  ཁུལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་གོས་དཀར་གྱོན་པའི་འཐབ་འཛིང་བ་ཁྲི་སྟོང་མང་པོས་ཁུལ་འཕྲོད་བསྟེན་དང་བདེ་ཐང་ཨུའི་འབོད་སྐུལ་ཁ་ཙམ་མིན་པར། ངལ་གསོའི་དུས་ཚོད་ཐལ་བའི་མཆིལ་མ་བཞིན་རིང་དུ་དོར་ནས་ཕྱིར་རང་གནས་སུ་འཁོད་དེ་ཅི་མི་སྙམ་པར་རིམས་འགོག་ཚོད་འཛིན་གྱི་འཐབ་འཁྲུག་ཏུ་ཞུགས། དེ་དང་བསྡོངས་ཏེ་རང་ཁུལ་གྱི་སྨན་བཅོས་དང་རིམས་ནད་ཚོད་འཛིན་གྱི་ལས་ཁུངས་ཀྱི་སྨན་པ་དག་གིས་རིམས་ནད་ཀྱི་མདུན་དུ་ཞུམ་མེད་ཀྱི་གོ་ཆ་བགོས་ནས་འཐབ་འཛིང་བྱས།   


     རང་ས་སྲུང་བར་འགན་ཡོད་ཅིང་དེ་ནི་ཕྲག་ཏུ་བབ་པའི་འགན་འཁྲིའང་ཡིན་པས་སྲོག་དང་བསྡོས་ནས་སྲུང་དགོས། ཁུལ་ཡོངས་ཀྱི་སྤྱི་བདེ་ཁྱབ་ཁོངས་ཀྱིས་རིམས་འགོག་ཚོད་འཛིན་གྱི་ལས་ཀའི་ཁྲོད་ཀྱི་རང་འགན་དང་ཡ་མ་བྲལ་བར། སྤྱི་བདེ་མི་སྣ་ཡོངས་རིམས་འགོག་ཚོད་འཛིན་གྱི་འཐབ་འཁྲུག་ཏུ་ཞུགས་ཏེ། རིམས་འགོག་ཚོད་འཛིན་གྱི་ས་ཚིགས་68དུ་སྤྱི་བདེ་དང་ཉེན་རྟོག་པ་མི་ཐེངས་18900ཡི་ནུས་ཤུགས་ཕུལ་བ་དང་། ཉེན་རྟོག་རླངས་འཁོར་8600ཉེ་བར་འགྲོ་འོང་བྱས་ནས་གཞི་གྲངས་ཀྱི་ཞིབ་བཤེར་དང་སྡེ་ཁུལ་གྱི་ཚོད་འཛིན། ལོགས་བཀར་གྱི་བདེ་འཇགས། འགྲིམ་འགྲུལ་གྱི་བདེ་འཇགས་སོགས་ལ་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་བླ་ལྷག་ཐོན་པ་རེད།  


     འདི་ནི་ང་ཚོའི་ཆོད་སེམས་དང་སྙིང་སྟོབས་ལ་ཚོད་བགམ་བྱེད་པའི་འཐབ་འཁྲུག་ཅིག་ཡིན། ང་ཚོས་འགག་རྩའི་གཉན་ཕྲེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་མ་ལུས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་དཔྱིས་ཕྱིན་པར་བྱ་དགོས་ཤིང་། རིམས་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་དོན་འཁྱོལ་བྱས་ཏེ། རིམས་འགོག་ཚོད་འཛིན་གྱི་ལྕགས་རི་བརྟན་པོ་བསྐྲུན་དགོས། འདི་ནི་ང་ཚོས་རིམས་འགོག་ཚོད་འཛིན་ལས་རྒྱལ་ཁ་ལེན་པའི་བསམ་པའི་རྒྱགས་ཕྱེ་དང་སྦྱོར་བའི་གོ་ཁྲབ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1