“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ་རེད། འདི་ནི་ཁྱབ་ཁོངས་ཆེ་བའི་གྲོས་མོལ་མ་གནང་གོང་ཚོགས་ཞུགས་ཕྱོགས་ཁག་གིས་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སར་མར་ཧན་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཚི་བཅས་དང་། ལྟ་ཞིབ་པའི་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་། དབྱི་རན་གྱི་ཙུང་ཐུང་ལའེ་ཤིས། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་བཅས་དང་། དེ་བཞིན་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཏུར་མེན་སི་ཐན་གྱི་ཙུང་ཐུང་ཤེར་ཏར•པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་། ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་བཅས་དང་། འབྲེལ་ཡོད་ཀྱི་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག འགོ་བརྗོད་དུ《དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་ནས་མྱུར་དུ་འགྲོ་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཡོ་ལངས་་དང་འཕོ་འགྱུར་གྱི་དུས་བབ་གསར་པ་ཞིག་ཏུ་སླེབས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ལམ་མདོ་ཁར་གནས་ནས་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། དུས་བབ་གསར་པའི་འོག་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འཕོ་འགྱུར་ལ་ཁ་གཏད་གཅོག་ཕོད་པ་དང་། དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་ཏན་ཏིག་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ།
གཅིག་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མཐོ་རིམ་དབར་གྱི་འགྲོ་འོང་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ། ཁ་དཀྲི་གང་རུང་བཏགས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ཐུན་མོང་ཐོག་ངོ་རྒོལ་བཅས་བྱས་ནས་རང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས།
གཉིས་ནས་བདེ་འཇགས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། ཕྱོགས་ཁག་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་ནང་མཉམ་དུ་ཞུགས་པ་དང་དོན་འཁྱོལ་བྱས་ཏེ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་འཛིན་ནས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། “ཕྱོགས་གཏོགས་གསུམ”དང་། དུག་རྫས་ལྐོག་འདྲེན། དྲ་རྒྱ་དང་རྒྱལ་མཚམས་སྒྲོལ་བའི་སྒྲིག་འཛུགས་ཅན་གྱི་ཉེས་གསོག་བཅས་ལ་རྡུང་རྡེག་ཚ་ནན་བཏང་ནས་གྲངས་གཞིའི་བདེ་འཇགས་དང་། སྐྱེ་དངོས་ཀྱི་བདེ་འཇགས། བར་སྣང་ཕྱི་རོལ་གྱི་བདེ་འཇགས་བཅས་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་འོངས་ལོ་5ཡི་ནང་ཁོངས་མིའི་རྒྱལ་ཁབ་ལ་ཁྲིམས་འཛིན་མི་སྣ་2000གསོ་སྦྱོང་བྱས་ཏེ་ཀྲུང་གོ-ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཇིགས་རྒོལ་ཆེད་ལས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་བཙུགས་ནས་ཕྱོགས་ཁག་གི་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་འདོད་ཡོད།
གསུམ་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་འདི་ས་ཁུལ་དེ་རང་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ད་ཐེངས་དབུ་ཚོགས་ཐོག་གྲོས་འཆམ་བྱུང་བའི་རྒྱལ་སྤྱིའི་ནུས་རྒྱུའི་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཀྱི་གསལ་བསྒྲགས་དོན་འཁྱོལ་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དགོས་མཁོ་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མི་དམངས་ཤོག་སྒོར་དུང་ཕྱུར་15རི་བའི་འབྲུ་རིགས་སོགས་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན། ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཁོ་སྤྲོད་འཁོར་འབྲེལ་སྲུང་སྐྱོང་། ཚན་རྩལ་གསར་གཏོད། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་དོན་འཁྱོལ་ཡག་པོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁུལ་གྱི་མཉམ་ལས་གྲོས་འགོ་དང་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་རྩ་འཛུགས་དེའི་འཕེལ་རྒྱས་མཉམ་ལས་པུའུ་ཀྲང་གི་ཐུག་འཕྲད་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གླེང་སྟེགས་འཚོགས་ཏེ་ཀྲུང་གོ་-ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་གཞི་ཆེ་མོའི་མཉམ་ལས་ལྟེ་གནས་བཙུགས་ནས་ཐུན་མོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཐད་མཉམ་ལས་བྱེད་འདོད་ཡོད་ལ། ཕྱོགས་ཁག་གི་ཞིང་ལས་འཕེལ་རྒྱས་དང་། མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན། གནོད་འཚེ་ཉུང་གཏོང་དང་གེགས་སེལ་སོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་འདོད་ཀྱང་ཡོད།
བཞི་ནས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། སྨྱན་སྦྱོར། རླུང་འཕྲིན་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གཞོན་ནུའི་སྤེལ་རེས་སྒར་ས་དང་། བུད་མེད་གླེང་སྟེགས། དམངས་ཁྲོད་མཛའ་མཐུན་གླེང་སྟེགས། སྲོལ་རྒྱུན་གྱི་གསོ་རིག་གླེང་སྟེགས་སོགས་སྤུས་རྟགས་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་སོགས་དམངས་ཁྲོད་སྒྲིག་གཞིས་འདོན་འོས་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་-ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གངས་འཁྱགས་ལུས་རྩལ་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དང་། སང་ལོར་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གླེང་སྟེགས་དང་མཛའ་མཐུན་གྲོང་ཁྱེར་གྱི་གླེང་སྟེགས་འཚོག་རྒྱུ། མ་འོངས་ལོ་གསུམ་ནང་རྩ་འཛུགས་འདིའི་རྒྱལ་ཁབ་ཀྱི་དམངས་ཚོགས་ལ་རིན་མི་དགོས་པར་སྐྱ་གྲིབ་བཅོས་པའི་གཤགས་བཅོས་ཁག་2000བྱ་རྒྱུ། མི་ཤུགས་ཐོན་ཁུངས་ཀྱི་གསོ་སྦྱོང་ཐེངས་5000མཁོ་འདོན་བྱ་རྒྱུ་བཅས་ཡིན།
ལྔ་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། རྒྱལ་ཕམ་འགྲན་རྩོད་དང་ཚོགས་པའི་ཆབ་སྲིད་འདོར་བ་བཅས་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་དབར་གྱི་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་མཇུག་ཏུ་ནན་བཤད་གནང་དོན། ལམ་ཐག་རིང་ཡང་བསྐྱོད་ན་མི་སླེབས་པ་མེད། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས། མཛེས་སྡུག་བཅས་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་དགོས།
ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་སར་མར་ཧན་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པ་དང་འབྲེལ། ཁྱབ་བསྒྲགས་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་དང་རྒྱལ་སྤྱིའི་ནུས་རྒྱུ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་། བརྟན་ལྷིང་། སྣ་མང་ཅན་བཅས་ཡོང་བར་སྲུང་སྐྱོང་བྱེད་པ་སོགས་སྐོར་གྱི་གསལ་བསྒྲགས་དང་ཡིག་ཆ་མང་པོ་སྤེལ་བ་དང་། དབྱི་རན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་འོས་འགན་སྐོར་གྱི་དྲན་ཐོར་མིང་རྟགས་བཀོད་པ། བྷེ་ཨུ་རུ་སུ་ཁོངས་མིའི་རྒྱལ་ཁབ་ནང་འཇུག་པའི་འགྲོ་ལུགས་གཉེར་འགོ་ཚུགས་པ། ཨེ་ཅིབ་དང་། སོ་ཏི་ཨ་རབ། ཁ་ཐར་བཅས་སྐད་ཆ་ཤོད་རེས་ཀྱི་རོགས་ཟླ་གསར་པ་བྱེད་པར་ཆོག་མཆན་སྤྲད་པ། པ་རེན་དང་། མར་ཏི་ཝེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁུ་ཝེ་ཐེ། འབར་མ་བཅས་སྐད་ཆ་ཤོད་རེས་ཀྱི་རོགས་ཟླ་གསར་པ་བྱེད་པར་མོས་མཐུན་བྱས་པ། ཁོངས་མིའི་རྒྱལ་ཁབ་དབར་གྱི་ཁྱིམ་མཚེས་མཛའ་མཐུན་ཡུན་རིང་མཉམ་ལས་ཆིངས་ཡིག་གི་མ་འོངས་ལོ་ལྔའི་ལག་བསྟར་རྩ་གནད་སོགས་གྲོས་ཆོད་རབ་དང་རིམ་པར་ཆོག་མཆན་སྤྲད་པ་རེད། ཚོགས་འདུའི་ཐོག་རྒྱ་གར་གྱིས་2022ལོ་ནས་2023ལོའི་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད།