ཝང་ཞའོ་ཧུའེ་ཡིས་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ལས་དོན་གྱི་ཆེད་དོན་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-20



ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་ཟླ9པའི་ཚེས5ཉིན་གྱི་ལྕགས་ཟམ་ཁའི་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ལས་དོན་གྱི་ཆེད་དོན་གྲོས་ཚོགས་ཐོག་བསྟན་དོན། 

     སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་བསྐྲུན་བྱས་ཏེ་གནོད་ཐེབས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏང་དགོས་ཞེས་གསུངས། 

ཧོང་ཆང་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་།


     སྤྱི་ཟླ9པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་སྤྱི་ཟླ9པའི་ཚེས5ཉིན་གྱི་ལྕགས་ཟམ་ཁའི་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ལས་དོན་གྱི་ཆེད་དོན་གྲོས་ཚོགས་ལ་གཙོ་སྐྱོང་གནང་ནས་བར་བརྒལ་བཀོད་སྒྲིག་དང་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་ཀར་ཞིབ་འཇུག་དང་ཇུས་འགོད་གནང་།  ཝང་ཞའོ་ཧུའེ་ཡིས། མིག་སྔར་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་དེ་བར་བརྒལ་བཀོད་སྒྲིག་དང་ཉམས་གསོ་བསྐྱར་སྐྲུན་གྱི་དུས་རིམ་གལ་ཆེན་དུ་སླེབས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ་ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་རྒྱུན་འཁྱོངས་དང་། མི་གཙོ་བོར་འཛིན་པ་དང་དམངས་འཚོར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས། སྐྱེ་ཁམས་སྲུང་སྐྱོང་དང་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས། ལམ་སྲོལ་གསར་གཏོད་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱུན་འཁྱོངས་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱས་ཏེ་གནོད་ཐེབས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏང་དགོས་ཞེས་ནན་གྱིས་གསུངས། 

     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། 

     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཟླ9པའི་ཚེས5ཉིན་གྱི་ས་འགུལ་ཁྲོད་གནོད་སེལ་རྒུད་སྐྱོབ་དང་ས་འགུལ་གྱི་གནོད་འཚེའི་དཔྱད་དཔོག་བྱས་པའི་གནས་ཚུལ། གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་ཀ་བཅས་ཀྱི་སྤྱི་ཡོངས་ཀྱི་བསམ་གཞིག་དང་ཕྱིན་ཆད་ཀྱི་འཆར་འགོད་སྙན་སེང་ཞུས་པར་གསན་མཐར། གནོད་སེལ་རྒུད་སྐྱོབ་ལས་ཀར་ཁས་ལེན་བྱས་པ་དང་། འཐབ་ས་དང་པོའི་མི་དམངས་བཅིངས་འགྲོལ་དམག་བཀོད་འདོམས་པ་དང་དྲག་ཆས་ཉེན་རྟོག་རུ་ཁག་གི་དཔོན་དམག །ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ། སྤྱི་བདེ་ལས་བྱེད་དང་ཉེན་རྟོག་པ། མེ་གསོད་རོགས་སྐྱོར་མི་སྣ། སྨན་བཅོས་འཕྲོད་བསྟེན་ལས་བྱེད་པ། ཆེད་ལས་ལག་རྩལ་པ། རང་འདུན་པ་དང་གསར་འགྱུར་ལས་ཀ་བ། གཞན་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀར་ཞུགས་པའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་ཞུས་པ་དང་། སི་ཁྲོན་ལ་རོགས་སྐྱོར་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། སྤུན་ཟླའི་ཞིང་ཆེན།(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སྤྱི་ཚོགས་ལས་རིགས་ཁག་དང་ཕྱོགས་སོ་སོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

     ཚོགས་འདུའི་ཐོག་བསྟན་དོན། ཐེངས་འདིར་ལྕགས་ཟམ་ཁ་ལ་བྱུང་བའི་ས་འགུལ་གནོད་འཚེ་ཐེབས་ཁུལ་གྱི་ས་གཤིས་ཁྱད་ཆོས་དང་སྐྱེ་ཁམས་ཆགས་ཚུལ། དཔལ་འབྱོར་དང་དམངས་འཚོ། རིག་གནས་ས་ཁམས་བཅས་དམིགས་བསལ་ཡིན་པས། བར་བརྒལ་བཀོད་སྒྲིག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་སྔར་ལས་དཀའ་སྤྱད་འབད་བརྩོན་བྱ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་དང་ལྷག་པར་དུ་གནོད་འཚེ་ཐེབས་པའི་གྲོང་ཁྱེར(ཁུལ)དང་རྫོང་གིས་གྲོང་ཁྱེར་དང་ཡུལ་ཤོག་གི་སྡོད་ཁང་བསྐྱར་སྐྲུན་དང་། སྤྱི་པའི་ཞབས་ཞུའི་བསྐྱར་སྐྲུན། རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན། ས་གཤིས་གནོད་འཚེ་འགོག་བཅོས། མཛེས་ལྗོངས་ཁུལ་སླར་གསོ། སྐྱེ་ཁམས་ཉམས་གསོ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་ཀ་སྤྱི་འདོམས་ཀྱིས་དམ་འཛིན་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་གང་མགྱོགས་ཀྱིས་སླར་གསོ་བྱས་ནས་གནོད་འཚེ་ཐེབས་ཁུལ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོ་བའི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1