༄༅། །ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་རྡོ་རྗེ་གར་འཆམ་གྱི་འཆམ་འབག་དང་འཆམ་ཆས་ཀྱི་སྐོར་ལ་དཔྱད་པ།

རྡོ་རྗེ་དོན་གྲུབ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 09-22


  ནང་དོན་གནད་བསྡུས། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་དར་བའི་རྡོ་རྗེ་གར་འཆམ་ནི་ཆོས་ལུགས་དང་རིག་གནས། རོལ་དབྱངས་དང་བྲོ་གར་སོགས་གཞི་གཅིག་ཏུ་སྦྱར་ནས་གྲུབ་པའི་ཆོས་ལུགས་རིག་གནས་ཀྱི་ཉིང་བསྡུས་ཤིག་ཡིན་ཞིང་། དེར་ས་གནས་ཀྱི་ཡུལ་སྲོལ་ལོ་རྒྱུས་རང་བཞིན་དང་སྤྱི་མཐུན་གྱི་ཆོས་ལུགས་སྒྱུ་རྩལ་སོགས་ཀྱི་ཁྱད་ཆོས་དུ་མ་མངོན། དཔྱད་རྩོམ་འདིར་གར་འཆམ་གྱི་བྱེ་བྲག་པ་འཆམ་འབག་དང་འཆམ་ཆས་དམིགས་སུ་བཟུང་སྟེ། དེའི་ལོ་རྒྱུས་འབྱུང་སྟངས་དང་བཟོ་སྟངས། གྲུབ་ཆ། དགོས་དམིགས་སོགས་ཟུར་དུ་བཀར་ནས་དཔྱད་པ་བཏང་འདུག

བརྡ་ཆད་གཙོ་བོ། སྐུ་འབུམ་བྱམས་པ་གླིང་། རྡོ་རྗེ་གར་འཆམ། འཆམ་འབག འཆམ་ཆོས།


དང་པོ། སྐུ་འབུམ་བྱམས་པ་གླིང་དང་རྡོ་རྗེ་གར་འཆམ།

        དེ་ཡང་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཏེ་སྐུ་འབུམ་བྱམས་པ་གླིང་ཞེས་བྱ་བའི་དགོན་ཆེན་འདི་ནི་བོད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཡིན་པ་དང་། ཕྱི་སྣོད་ཀྱི་བཀོད་པ་ལེགས་ཤིང་ནང་བཅུད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པའི་གནས་མཆོག་ཁྱད་པར་བ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་ལྟེ་བ་ཟི་ལིང་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉེར་བརྒྱད་ཀྱི་མཚམས་སུ་མངོན་པར་ཆགས་ཡོད།ཆོས་སྡེ་འདི་ནི་རབ་བྱུང་དྲུག་པའི་ས་མོ་ལུག་སྤྱི་ལོ༡༣༧༩ལོར་རྗེ་ཙོང་ཁ་པ་ཆེན་པའི་ཡུམ་གྱིས་གཙོ་འགན་བཞེས་ཤིང་། དད་ལྡན་གྱི་སྐྱེ་བོ་གཞན་རྣམས་ཀྱིས་ཀྱང་གྲོགས་བྱས་པ་ལ་བརྟེན་ནས་རྗེ་ཉིད་ཀྱི་གསུང་བཀོད་ལྟར་བྲིས་སྐུ་དེ་ཕྱག་མཆོད་ཀྱི་རྟེན་དུ་མཛད་པ་དང་། རྒྱལ་བ་སེང་གེའི་ང་རོའི་སྐུ་བརྙན་འབུམ་ཡང་པར་ལ་བཏབ་པས་ནང་རྟེན་དང་། ཙན་དན་གྱི་སྡོང་པོ་ཉིད་ལ་གོས་ཆེན་གྱི་ན་བཟས་དཀྲིས་ཤིང་སྙིང་པོའི་སྲོག་ཤིང་གི་ཚུལ་དུ་བཞག་ནས་མཐའ་སྐོར་དུ་རྡོ་རྩིག་གི་ར་བ་བརྟན་པོར་བརྩིགས་ཏེ་པདྨ་སྤུངས་བའི་མཆོད་རྟེན་བཞེངས་པར་མཛད་པ་ནས་རིམ་པར་ཆགས་པ་ཡིན་པས་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན། 

        སྐུ་འབུམ་བྱམས་པ་གླིང་གི་རྡོ་རྗེ་གར་འཆམ་དང་འཆམ་པ་གྲྭ་ཚང་བྱུང་ཚུལ་ཅུང་ཙམ་ཞིག་བརྗོད་ན། ཁྲི་ཐོག་ཉི་ཤུ་པ་རྒྱུད་མཁན་པོ་ཨ་ཆི་ཐུ་ནི་མོན་ཧན་བློ་བཟང་དོན་གྲུབ་མཆོག་ལ། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ལོར༼སྤྱི་ལོ༡༧༡༨༽རྒྱལ་མཆོག་བདུན་པའི་བཀའ་བཞིན་རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམ་དཔོན་ལས་འཆམ་རོལ་སོགས་ཞིབ་ཁྲིད་དང་བཅས་གར་འཆམ་གྱི་སྲོལ་འཛུགས་དང་། ཆོས་སྲུང་སོགས་ཞི་དྲག་གི་ཞལ་འབག་སོ་དགུ་དང་། འཆམ་གོས་མཆོད་རྫས་སོགས་ཀྱི་བདག་རྐྱེན་བླ་ན་མེད་པའི་བཀའ་དྲིན་སྐྱོང་གནང་མཛད། དེ་ནས་རིམ་བཞིན་དུས་བཞིའི་སྨོན་ལམ་སྐབས་འཆམ་པ་གྲྭ་ཚང་ཟུར་དུ་བཙུགས། རབ་བྱུང་བཅུ་གསུམ་པའི་ས་འབྲུག་ལོར༼སྤྱི་ལོ༡༧༤༨ལོ༽ཁྲི་རབས་ཉེ་དྲུག་པ་གསེར་ཏོག་ངག་དབང་བསྟན་པའི་རྒྱལ་མཚན་གྱི་སྐབས་རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱིས་རྗེ་དྲུང་སྒར་བ་སྐུ་གསུང་ཐུགས་རྟེན་དང་བཅས་པ་འཆམ་པ་གྲྭ་ཚང་ལ་གནང་། དེ་ནས་བཟུང་འཆམ་རོལ་སོགས་གྲྭ་ཚང་འདིའི་ཕྱག་སྲོལ་མ་ཉམས་པར་གོང་འཕེལ་དུ་གནས་པ་ལགས་སོ། །

གཉིས་པ། རྡོ་རྗེ་གར་འཆམ་གྱི་འཆམ་འབག་སྐོར།

        རྡོ་རྗེ་གར་འཆམ་ཐམས་ཅད་རྒྱུད་སྡེའི་སྒྲུབ་མཆོད་གཞུང་གང་ཡིན་གྱི་ལྷ་ཚོགས་སོ་སོའི་མངོན་རྟོགས་དང་མཐུན་པའི་ཞལ་འབག་དང་། ན་བཟའ། རྒྱན་ཆས། ཕྱག་མཚན་བཅས་ཡི་དམ་ཆོས་སྲུང་རང་རང་གི་ལྷ་ཏིང་ངེ་འཛིན་དང་འདོན་དམིགས་ཡ་མ་བྲལ་བར་བསྐྱེད་རིམ་གསལ་ཞིང་བརྟན་པ་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས་རོལ་ཆ་ཁང་གི་དབུ་མཛད་དང་སློབ་དཔོན་སོགས་ཀྱིས་ཆོ་གའི་གཞུང་བསྲིངས་བ་ལྟར། གར་འཆམ་པ་རྣམས་ནས་ངག་འདོན་གྱི་རིམ་པ་རྣམས་དབྱངས་རྟ་དང་བཅས་ཤུབ་བུར་འདོན་བཞིན་པར་གར་འཆམ་གྱི་ཉམས་འགྱུར་སྣ་ཚོགས་ལྷན་ཅིག་ཏུ་འཆམ་དགོས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།

        རྡོ་རྗེ་གར་འཆམ་གྱི་འཆམ་འབག་ལ་རྣམ་གྲངས་ཧ་ཅང་མང་བ་དང་ཆེ་ཆུང་ལ་ཡང་འདྲ་མིན་སྣ་ཚོགས་ཡོད། ཡི་དམ་དང་སྲུང་མ་ཁྲོ་བོ་དང་ཁྲོ་མོའི་ཞལ་འབག་རྣམས་བཟོ་སྐབས།མཆེ་བ་རྩེ་གྲི་ལྟར་གཙིགས་ཤིང་། སྤྱན་གསུམ་སྡང་མིག་དུ་བགྲད་པ། ཁྲོ་གཉེར་རྫ་རི་ལྟར་ཉིལ་བ། སྨར་སྨིན་མེ་ལྕེ་ལྟར་འབར་བ། ཐོད་སྐམ་གྱི་དབུ་རྒྱན་དང་། དུག་སྦྲུལ་གྱི་སྙན་རྒྱན་སོགས་ཤིན་ཏུ་འཇིགས་ཤིང་དཔའ་བའི་ཉམས་ཀྱིས་འབག་བཟོ་དབྱིབས་སྟོན་ཡོད་པ་དང་། ཚོས་གཞི་དང་ཚོན་མདོག་རྣམ་པར་བཀྲ་ཞིང་འཇིགས་སྣང་སྐྱེས་ཡོང་བ་སོགས་ཀྱིས་མི་རྣམས་ལ་དད་པའི་སྤུ་ལོང་གཡོ་རུ་བཅུག གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཚད་དམའ་བའི་དུས་དེར། མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་ཐ་དག་ནི་ལྷ་འདྲེའི་ཚོགས་ཀྱིས་མཐུ་རྩལ་ལས་བྱུང་བ་དང་ལྷ་འདྲེ་ནི་མིའི་ལས་དབང་ལ་ཁ་ལོ་བསྒྱུར་མཁན་ཡིན་པར་བསམ་ཀྱིན་ཡོད། མི་རྣམས་ནི་རང་བྱུང་ཁམས་ནས་འཚོ་སྡོད་བྱེད་ནས་གནོད་འཚེ་ཕོགས་མི་འདོད་ན། ངེས་པར་དུ་བྱམས་རྩེས་སྐྱོང་བཞིན་པའི་ལྷ་དག་ལ་གསོལ་འདེབས་དང་མཆོད་འབུལ་བྱས་ནས་རང་ཉིད་ལ་སྡོང་གྲོགས་མཛད་པར་སྐྱབས་བཅོལ་དགོས། གཞན་དུས་རྒྱུན་དུ་གནོད་འཚེ་སྐྱེལ་བཞིན་པའི་འདྲེ་དག་ལ་ཕར་སྤྲོད་གཏོང་དགོས་པ་དང་འཇིགས་སྣང་སྐྱེད་དུ་འཇུག་དགོས། དེ་བཞིན་དུ་མི་རྣམས་ཀྱིས་དད་གུས་བྱེད་བཞིན་པའི་ཡི་དམ་གྱི་ལྷ་དག་ལ་ལད་ཟློས་དང་རྟོག་བཏགས་བྱེད་བཞིན་དེ་དང་ཚུལ་འདྲ་བའི་གདོང་འབག་སོགས་གྱོན་ནས་མ་རུང་གདོན་བགེགས་ཐམས་ཅད་ཐལ་བའི་རྡུལ་དུ་བརླགས། རྒྱུ་དེ་ཚོགས་ལ་རྐྱེན་བྱས་ནས་དབྱིབས་མདོག་མི་འདྲ་བའི་གདོང་འབག་དག་ཀྱང་རང་བཞིན་གྱིས་བྱུང་བ་རེད། གཞན་འབག་ཅེས་པའི་ཡིག་འབྲུ་འདི་ང་ཚོའི་མིག་གི་མཐོང་ཐེངས་རེར་འཇིམ་པ་ལས་བཟོས་པའི་མགོ་བརྙན་ཞིག་སེམས་ལ་འཆར་ངེས་ཡིན། འཇིམ་བཟོས་མགོ་བརྙན་དེ་དག་བོད་ཡུལ་དུ་མ་དར་གོང་ལ་སྨན་འདམ་ལས་བཅོས་པའི་སྐུ་བརྙན་ཞེས་པ་དེ་དར་བ་ཡིན། དུས་རབས་བརྒྱད་པའི་ནང་བོད་ལྗོངས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས། ནང་རྟེན་བཞེངས་པའི་བཀའ་གྲོས་ཇི་ལྟར་མཛད་པའི་སྐོར་ལ། སྦ་གསལ་སྣང་གིས་མཛད་པའི་སྦ་བཞེད་ལས། འཇིམ་གཟུགས་དང་རི་མོ་བྱེད་པ་ལ་འཛམ་བུའི་གླིང་ན་ང་མཁས་ཏེ། བོད་ཀྱི་རྒྱལ་པོ་ལྷ་ཁང་རྩིག་ཟེར་ན་ངས་ནི་གཟུགས་ཤེས་ཟེར་བ་གཅིག་བྱུང་བ་དེ་བཀུག་ནས། ལྷ་བཟོ་ན་རེ། ལྷ་རྒྱ་གར་དང་རྒྱའི་གཟུགས་གང་བགྱི་ཞེས་གསུངས། དེར་འཚོགས་ཏེ་གྲོས་བགྱིས་པས། མཁན་པོའི་ཞལ་ནས། སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་བགྱི་གསུངས། བཙན་པོའི་ཞལ་ནས། བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེར་རེ་བ་ལགས་པས། ལྷ་བོད་ལུགས་སུ་བྱ་བར་ཅིས་ཀྱང་གནང་ཞེས་སློབ་དཔོན་ལ་ཞུས་པས། འོ་ན་བོད་འབངས་ཀུན་བསྡུས་ཤིག བོད་ཀྱི་ལུགས་སུ་བྱའོ་གསུངས། བོད་ཀྱི་ལུགས་སུ་བགྱིད་པའི་དཔེ་བོད་འབངས་ཀུན་ཚོགས་པ་ལས་ནང་ན་གཟུགས་བཟང་པ་ཁུ་སྟག་ཚས་ལ་དཔེ་བྱས་ཏེ། གཙོ་བོ་ལ་ཨརྱ་པཱ་ལོ་ཁར་ས་པཱ་ཎི་བཞེངས། རྨ་ས་ཀོང་ལ་དཔེ་བྱས་ཏེ་ཨརྱ་པཱ་ལོར་རྟ་མགྲིན་སྒོ་སྲུང་དུ་བྱས། ཐང་བཟང་སྟག་ལོད་ལ་དཔེ་བྱས་ཏེ་ཨརྱ་པཱ་ལོའི་སྤྲུལ་པ་ཡི་གེ་དྲུག་པ་གཡས་སུ་བྱས། ལྷ་མོའི་དཔེ་བུད་མེད་ལ་མཛེས་པ་ལྕོག་རོ་གཟའ༼བཟའ༽ལྷ་བུ་སྨན་ལ་དཔེ་བགྱིས་ཏེ་སྒྲོལ་མ་གཡས་སུ་བྱས། ལྕོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ་ལྷ་མོ་འོད་ཅན་གཡོན་དུ་བྱས། ཀུན་ཚར་ལགས་ནས་རྒྱལ་པོས་ཡོ་བྱད་སྟ་གོན་མཛད་དེ། གྲལ་ཉི་ཤུ་དགུའི་གདུགས་ལ་ཞལ་བསྲོ་ཞུ་བའི་ཚེ།ཞེས་འཁོད་པར་གཞིགས་ན་བོད་ལྗོངས་སུ་འཇིམ་པའི་གཟུགས་བརྙན་བཟོ་བའི་སྲོལ་དུས་དེ་ཙམ་ནས་དར་བར་མངོན་ཞིང་། ཡང་རྗེས་དུས་རབས་བཅུ་གཅིག་པའི་ནང་གསང་སྔགས་ཀྱི་དུས་སྟོན་སོགས་ཀྱི་སྐབས་སུ་གར་འཆམ་རྒྱག་པའི་དགོས་མཁོ་དང་བསྟུན་ནས་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཀྱི་མགོ་བརྙན་ཏེ་འདྲ་འབག་བཟོས་ཏེ་གར་འཆམ་ལ་རོལ་བའི་སྲོལ་བཏོད་པ་ནི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས།འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་པོ་དཀོན་མཆོག་རྒྱལ་པོ་ནི་འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་རང་ཡིན་ཏེ། ཤིང་ཕོ་བྱི་ལ་སྐུ་འཁྲུངས། གཞོན་ནུ་ནས་ཡབ་དང་གཅེན་ལ་དབང་བཤད་མན་ངག་མང་དུ་གསན། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས། གསང་སྔགས་གསར་འགྱུར་ལ་ཡང་མོས་པ་ཡོད་པའི་སྐབས་སུ་འབྲོའི་ལུང་སྟོན་ཆེན་མོ་ཞིག་བྱུང་སར་བྱོན་པས། ལྟད་མོ་སྣ་ཚོགས་འདུག་པའི་ནང་ནས་སྔགས་པ་མང་པོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན། ཕྱག་མཚན་སོ་སོར་ཁྱེར། མ་མོ་རལ་པ་ཅན་གྱིས་རྔ་སྟབས་དང་བཅས་ནས་འཆམ་ཀྱིན་འདུག་པས། ལྟད་མོ་ཡང་དེ་ཁ་ཆེ། ཁྲོམ་ཐོག་ཀྱང་དེས་ཆོད་སོང་། དེའི་རྒྱུ་མཚན་རྣམས་གཅེན་ལ་ཞུས་པས། ད་གསང་སྔགས་འཆལ་པར་སྤྱོད་པ་ཞེས་བྱ་བའི་དུས་བྱུང་བས།ཞེས་གསུངས་པའི་དོན་ལ་དཔག་ན། འཇིམ་པ་ལས་བཟོས་པའི་གསང་སྔགས་ཞི་ཁྲོའི་ལྷ་ཚོགས་འབག་དང་། ལྷ་ཚངས་པ་དང་རྒྱ་བྱིན། ཀླུ་དཀར་ནག གཞི་བདག སྲིན་པོ་མགོ་བོ་གཅིག་པ་དང་། མགོ་བོ་དགུ་བ། ཞིང་སྐྱོང་ཡབ་ཡུམ། ཨ་ཙ་ར་དཔའ་བོ་དང་། དཔའ་མོ། གྱིང་ཕོ་མོ། གནོད་སྦྱིན་དང་དྲི་བཟའ། བདུད་དང་བདུད་མོ། གཞན་ཡང་ཁྱུ་མཆོག་དང་། བ་གླང་། གཅན་གཟན། རི་དྭགས། འདབ་ཆགས། འབུ་སྲིན་སོགས་པའི་མགོ་བརྙན་ནམ་འདྲ་འབག་དང་དངོས་སུ་གྱོན་སྤྱོད་ཀྱིས་གར་འཆམ་ལ་རོལ་བའི་ཐོག་མ་དུས་དེ་ཙམ་ནས་རིམ་པས་དར་བར་མངོན།

        དེ་བཞིན་འཆམ་འབག་བཟོ་བ་དང་དེ་བཟོ་ལྟ། ཚོས་གཞི་སོགས་ལ་ཡང་གོ་རིམ་དང་དོ་སྣང་བྱེད་དགོས་ས་མང་པོ་ཞིག་ཡོད། འཆམ་འབག་ནི་མི་སུ་ཞིག་ཡིན་རུང་བཟོ་ཆོག་པ་ཞིག་མ་ཡིན་པར་ཆེད་ལས་ཀྱི་སྒྱུ་རྩལ་པ་ཞིག་དང་བཟོ་ལས་མཁས་ཅན་ཞིག ཡང་ན་འདུལ་བའི་ཚུལ་ཁྲིམས་བསྲུང་ཡོད་པའི་དགེ་བསྙེན་དག་ཡིན་དགོས། གལ་ཏེ་ཡི་དམ་གྱི་ལྷ་ཞིག་གམ་ཆོས་སྐྱོས་སྲུང་མ་ཞིག་གི་འཆམ་འབག་བཟོ་དགོས་ཚེ་ངེས་པར་དུ་གསང་སྔགས་ཀྱི་གཞུང་ལ་བརྒྱུད་དགོས་པའི་བྱེད་སྒོ་ཐ་དག་ཡོངས་རྫོགས་པར་འཇུག་དགོས། དགོན་པའི་ནང་གི་དགེ་བའི་བཤེས་གཉེན་དག་ལ་མཚོན་ན་ཁོ་ཚོ་ནི་ཤེས་བྱའི་གནས་ཡོངས་རྫོགས་ལ་ནང་བྱན་ཆུབ་པ་ཞིག་ཡིན་ཞིང་། དུས་རྒྱུན་དུ་འཆམ་འབག་བཟོ་བ་ཡང་སྒོམ་སྒྲུབ་ཀྱི་ནང་ཚན་ཞིག་ཏུ་བཞག་ནས་བཟོ་ཀྱིན་ཡོད། དཔེར་ན་ས་སྐྱའི་དཔོན་པོ་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་མཆོག་དགུང་ལོ་བརྒྱད་ཀྱི་སྟེང་དུ་དྲ་བ་སྤུ་གྲི་དམར་ནག་གི་འཆམ་འབག་དངོས་སུ་བཟོས་པ་མ་ཟད་རྡོ་རྗེ་ཕུར་བའི་འཆམ་རྒྱུད་ཆེན་མོའི་གོ་རིམ་ཆ་ཚང་དང་དེ་རོལ་ཆ་དང་རོལ་དབྱངས་སོགས་ཡོངས་རྫོགས་བློ་ལ་ངེས་པ་རེད། འཆམ་འབག་བཟོ་སྐབས་ཀྱི་རྒྱུ་ཆ་ལ་ཤོག་གུ་དང་རས། ཤིང་། ཟངས། ཀོ་བ་སོགས་དགོས་དབང་ལ་བརྟེན་ནས་སྣ་ཚོགས་པ་ཞིག་དགོས་པ་རེད།

        བོད་ཁུལ་གྱི་ས་ཆ་མང་ཆེ་བའི་འཆམ་འབག་བཟོ་སྐབས་ཤོག་གུ་དང་རས་ནི་རྩ་བའི་རྒྱུ་ཆ་རུ་བྱེད་ཀྱིན་ཡོད། སྔོན་ལ་འདམ་བག་དང་ཤིང་ཐུར་བཀོལ་ནས་རྩ་བའི་དབྱིབས་གཟུགས་བཟོ་བ་དང་དེ་ཉི་མར་ལྡེས་ནས་སྐམ་དུ་བཅུག་རྗེས་འདམ་བག་སྤྲུག་ནས་མ་དབྱིབས་ཐོན་པ་དང་། རྗེས་ནས་དེ་ཐོག་ཏུ་ཤོག་གུ་དང་རས་སོགས་སྦྱར་ནས་འགྲུབ་པར་བྱེད་ནས་ཚོན་རྩི་གཏོང་དགོས་པ་རེད། བཟོ་ལྟ་སོགས་ནི་ཡི་དམ་དང་ཆོས་སྐྱོང་སྲུང་མ་གང་ཡིན་ལ་སོགས་པའི་རྒྱུ་དང་རྐྱེན་ལ་བརྟེན་བྱས་ནས་དེ་དང་ཆ་འདྲ་བའི་ཆ་བྱད་བཟོ་དགོས་པ་རེད། འཆམ་འབག་གི་ཚོས་གཞི་འདྲ་མིན་མང་པོ་དེ་དག་ནི་གང་བརྗིད་དང་གང་མཛེས་ལས་དེ་ལ་རྒྱུ་མཚན་གང་ཡང་མེད་ལུགས་སོགས་ཕྱི་ནང་གི་དུས་དེབ་འགའ་ཞིག་གི་ནང་འཁོད་ལུགས་གསུང་ལུགས་མང་དུ་བྱུང་ཡང་དེ་ལྟར་མ་ཡིན། ཚོས་མདོག་དཀར་སེར་དམར་ལྗང་སྔོན་ལྟ་བུར་ཞི་རྒྱས་དབང་དྲག་འཕྲིན་ལས་ཞེས་དབྱེ་རྒྱུ་ཡོད་པར་མ་ཟད་དེ་སྔོན་བོད་ས་གནས་སྲིད་གཞུང་གི་ཡིག་ཆའི་ནང་དུ་ལས་གཞིའི་འཕྲིན་ལས་ཀྱི་སྣེ་འཛིན་ཞེས་ཞི་རྒྱས་དབང་དྲག་གི་ཐོག་ནས་དཔོན་རིགས་ཁག་ལའང་སྦྱོར་སྲོལ་འདུག ད་དུང་ཞིབ་པར་དབྱེ་འདོད་ན་ཟློས་གར་དང་། རོལ་མོའི་བསྟན་བཅོས་ཁག་ནང་གར་གྱི་ཆ་ཉམས་དང་སྦྱར་བའང་ཡོད་ཅེས་གསུང་ཡོད། དཀར་པོ་ནི་རབ་དཀར་ཞི་བའི་མདངས་སུ་བཀོད་པ་དང་། སྔོ་ནག་ནི་དྲག་པོ་དང་དཔའ་བོའི་མཚོན་བྱེད་ཡིན། སེར་པོའི་རྒྱས་པའི་མདངས་དང་ཡོན་ཏན་གྱི་རང་བཞིན་མཚོན་པའི་རྟགས་སུ་སྣང་བ། རིགས་བཟང་ཞིང་ཐོས་པ་མང་བ།བརྩོན་འགྲུས་ཆེ་ཞིང་ལ་རྒྱུད་བཟང་རྟོགས་པ་མཐོ་བ་བཅས་ཀྱི་མཚོན་བྱེད་ཡིན། དམར་པོ་ནི་དབང་གི་མདངས་ཞེས་བློ་གྲོས་རྩལ་རྫོགས་ཤིང་བྱ་བ་ཞི་དྲག་ཕྱི་ནང་ཡོངས་ལ་བཀའ་ལུང་བཙན་པོས་ཁྱབ་འདོམས་ཐུབ་མཁན་ཞིག་མཚོན་པ་རེད། ལྗང་ཁུ་ནི་འཕྲིན་ལས་ཀྱི་མཚོན་བྱེད་ཡིན་པ་སོགས་བོད་མིའི་ཁ་དཔེ་ལ་ཡང་དམར་དང་ལི་ཁྲི་མདོག་གི་རྒྱལ། །མི་འགྱུར་བརྟན་པོ་དར་རྒྱས་མཚོན། །སྔོ་ལྗང་མཛེས་སྡུག་བདེ་བའི་ཁྱིམ། །འབྱོར་དང་བློ་གྲོས་ཅན་གྱིས་བསྡོངས། །ཉེ་བའི་གྲོགས་པོས་མཐའ་ནས་བསྐོར། །མདོག་མེད་ཧྲག་དམག་བཞིན་དུ་བརྗིད། །ནག་པོ་ཡོད་ན་དེ་ལས་ཧྲག །ལྗང་ཁུའི་མདོག་ནི་ཆུ་རླབས་བཞིན། །མ་ཤོང་མཁའ་ལ་འཕྱུར་བ་དང་། །སྔོན་སླེབས་ཕོ་ཉ་དམར་རྩིར་བསྙེགས། །དམར་རྩི་ཡང་ནི་ཡུལ་མཐར་འཁྱམས། །དགེ་བཤེས་བླ་མར་བཀུར་བ་བཞིན། །ས་སེར་ཡང་ནི་གསེར་གདན་བརྩི། །ཞེས་གསུངས་ཡོད་པ་རེད།

གསུམ་པ། རྡོ་རྗེ་གར་འཆམ་གྱི་འཆམ་ཆས་སྐོར།

        རྡོ་རྗེ་གར་འཆམ་གྱི་འཆམ་ཆོས་ལ་རྣམ་པ་དང་ཁྱད་ཆོས་མི་འདྲ་བ་དུ་མ་ཞིག་ཡོད་པ་ནི་གར་གྱི་ཉམས་དགུ་གླང་ཆེན་གྱི་ཀོ་རློན་དང་། མི་ལྤགས་ཀྱི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས་བཅས་བགོ་བའི་གོས་གསུམ། ཐོད་པ་སྐམ་རློན་རྙིད་པའི་འཕྲེང་པ་སྟེ་བརྒྱན་པའི་དོ་ཤལ་གསུམ། ཐལ་ཆེན་རཀྟ་ཞག་གི་བཟོ་རིས་ཏེ་བྱུགས་པའི་རྫས་གསུམ། རྡོ་རྗེའི་གཤོག་པ་དང་ཡེ་ཤེས་ཀྱི་མེ་དཔུང་སྟེ་དཔའ་བའི་རྟགས་གཉིས་དང་བཅས་དཔལ་གྱི་ཆས་ཞེས་གསུངས་པ་བཞིན་རེད།གོས་གྱོན་སྐབས་གཡས་ནས་བླངས་སྟེ་གར་སྟབས་པད་སྐོར་གྱིས་གྱོན་དགོས་པ་ལས་རྒྱུན་སྤྱོད་ཀྱི་གོས་ལྟར་བུར་མི་རུང་གསུངས་པ་དང་། དེ་བཞིན་འཆམ་རར་བསྐྱོད་སྐབས་ཐ་མལ་པའི་གོམ་སྟབས་མ་ཡིན་པར་རྡོ་རྗེ་འགྲོས་ཀྱིས་ཕེབས་དགོས་པ་སོགས་ཡིན། སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསྒྲལ་སྐབས་ཀྱི་ཆས་སུ་ཞུགས་ན་རྟེན་འབྲེལ་གྱི་ཁྱད་པར་ཡོད་ཚུལ་དམ་པའི་གསུང་ལས་བྱུང་བ་དེ་དུས་ཕོད་ཀ་ཞེས་པ་འདི་ཡིན། དེའི་ཕུ་ཐུང་གཉིས་སུ་མདའ་གཞུ་བཅུག་ཡོད་པ་དང་། ཡང་ཞྭ་ནག་ཅེས་པ་ནི་ཀུན་མཁྱེན་ལྔ་པ་ཆེན་པོས། མིག་དམན་མདངས་འཛིན་བདུད་ཕོད་ལྷབ་ལྷུབ་གཡོ། ལྷ་ཕུར་ཐོགས་ཤིང་སྲིད་པའི་སྤྱི་ཞྭ་གྱོན། ཞེས་གསུངས་པ་ལྟར་ཞྭ་ནག་གི་མང་ལ་སྔོན་དུས་སུ་སྲིད་པའི་སྤྱི་ཞྭ་ཞེས་འབོད་པར་གྲགས། ད་དུང་མགོ་ལ་རྒྱལ་བ་རིགས་ལྔ་གྱོན་ཞིང་དེ་ལ་ངོས་ལྔ་ཡོད་པ་དང་སྟེང་དུ་རྣམ་སྣང་དང་། རིན་ཆེན་འབྱུང་གནས། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པ་བཅས་ལྷ་ཆེན་པོ་ལྔ་ཡོད་པ་རེད། ཐོད་སྐམ་རིགས་རྒྱན་ཞེས་པ་ལ་ཀེང་རུས་རྒྱལ་བ་རིགས་ལྔ་ཡང་ཟེར། དེ་ནི་གཙོ་བོ་ཀེང་རུས་ལྔ་ལས་གྲུབ་པའི་མགོ་ལ་གྱོན་བྱའི་རྒྱན་སྤྲས་ཤིག་ཡིན། ཀེང་རུས་དང་དུར་བདག་ལས་གཞན་འཆམ་པ་ཕལ་ཆེ་བའི་ལུས་སུ་གོས་རིང་གྱོན་ཞིང་མདུན་ལ་སྟོད་ལྷེས་རྒྱན། འཆམ་པའི་ཁྲོད་ནས་རྐང་ལྷམ་གྱོན་མཁན་དང་མི་གྱོན་མཁན་གཉིས་ཡོད་ཀྱང་སྤྱིར་བཏང་དུ་འཆམ་པའི་ཁྲོད་ནས་མི་ཚོགས་ལ་དགོད་ཁ་སློང་མཁན་དང་ཀྱལ་ཀའི་རྩེད་མོ་སྣ་ཚོགས་སྟོན་བཞིན་པའི་འཆམ་པ་ཁ་ཤས་ལས་གཞན་ཚང་མའི་རྐང་ལྷམ་གྱོན་བཞིན་ཡོད། ལྷམ་ལ་མཆིལ་ལྷམ་དང་ཤ་སུ་མ། རས་ཟོན། རྒྱ་ཆེན་རྣ་རིང་དང་རྣ་ཐུང་། འགའ་ལྷམ་རྡོག་གཅིག་མ། ཞབས་ལྷམ་ཡུ་བ་ཡོད་མེད་གཉིས་ཀ་སོགས་འདུག་པ་དང་། མདོག་གི་ཆ་ནས་ཅུང་དམར་སྨུག་དང་དམར་ནག་ཤས་ཆེར་སྤྱོད། སྤྱིར་བཏང་དུ་འཆམ་པ་ཚང་མས་ཡུ་བ་རིང་བའི་ལྷམ་གྱོན་ལ། དགོན་པ་ཆེ་གྲས་ཆུང་གྲས།ས་ཆ་དབྱེར་མེད་པར་ཁོ་ཚོས་ཀོ་ལྷམ་གྱོན་པའི་སྲོལ་འདུག་ཅིང་། འཆམ་དཔོན་དང་འཆམ་རྔའི་ལྷམ་བར་དབྱེ་བ་ཅུང་ཙམ་མཆིས། འཆམ་དཔོན་ནམ་ལས་གནས་ཅུང་མཐོ་བའི་འཆམ་པ་ཚོས་རས་ཟོན་གྱོན། གཞན་འཆམ་པ་མང་ཆེ་བས་མཆིལ་ལྷམ་གྱོན་པ་རེད། དེ་ནི་སྦྲུལ་གྱི་ཁ་ཆུའི་དུག་སྲུང་བྱེད་རབ་བྱུང་གི་ལྷམ་ཞེས་བཀོད་ཡོད་པ་དང་། མཆིལ་ལྷམ་ལ་རིགས་གཉིས་ཡོད་དེ། གཅིག་ནི་མཐིལ་ལ་ཀོ་བ་རིམ་པ་གཉིས་བཏང་ཞིང་དེའི་ཐོག་ལ་ཡང་རས་ཞིག་རྒྱབ་ཡོད། ལྷམ་ནི་ཀོ་བའམ་སྤུ་མས་བཟོས་པ་ཡིན་པས་ལྷམ་གྱི་ནང་དུ་བལ་ཕྱིང་བཏང་ཡོད། གཞན་ཞིག་ནི་སྤུ་མདོག་གམ་ཡང་ན་རས་ནག་གིས་བཟོས་པའི་ལྷམ་ཞིག་ཡིན་ལ་དེ་དབྱར་ཁ་མ་གཏོགས་མི་གྱོན།མཆིལ་ལྷམ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་དེའི་རྒྱུ་དོམ་སྤགས་ཀྱང་བྱེད་དེ་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་ལས་དོམ་ལྤགས་དེ་མིག་ལ་ཕན་ཕྱིར་མཆིལ་ལྷམ་ནང་དུ་བགོ་བར་བྱའོ། །དོམ་ལྤགས་ཀྱི་མཆིལ་ལྷམ་དག་རིམ་པ་མང་པོ་ཉིད་ཀྱིས་ཀྱང་མཆོག་ཏུ་ཕན་པར་བྱེད་ཞེས་གསུངས་སོ། །གཞན་རུས་རྒྱན་ནི་ཆེས་ཁྱད་པར་དུ་གྱུར་བའི་འཆམ་ཆས་གྲས་ཀྱི་གཅིག་ཡིན། ལྷག་པར་དུ་སྐུ་འབུམ་དགོན་པའི་འཆམ་ཆས་ལ་མཚོན་ན་རུས་རྒྱན་ནི་རྒྱུ་རིན་པོ་ཆེ་རྐྱང་རྐྱང་ལས་གྲུབ་པ་མ་ཟད་བཟོ་དབྱིབས་སྤུས་ལེགས་ཤིང་། སྐྱེས་ཆེན་དུ་མས་རབ་གནས་མཛད་མྱོང་བའི་ཁྱད་པར་ཅན་གྱི་བྱིན་རླབས་ཆེན་པོ་ཡོད་པ་རེད། དེའི་རྐྱེན་གྱིས་ད་སྐབས་ཆོས་ལུགས་ཀྱི་མཛད་སྒོ་དང་དུས་ཆེན་ཧ་ཅང་རྒྱ་ཆེ་བའི་སྐབས་ས་མ་གཏོགས་རུས་རྒྱན་དེ་བཀོལ་སྤྱོད་བྱེད་ཀྱིན་མེད། ཡང་རུས་རྒྱན་ཞེས་པ་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བླ་མེད་ཀྱི་གཞུང་ལས་བཤད་པའི་ལྷ་སྐུའི་རྒྱན་ཆའི་རིགས་ཤིག་སྟེ། ནང་གསེས་དྲུག་ཡོད། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གདུ་བུ། སྐ་རགས། མཆོད་ཕྱིར་ཐོགས་བཅས་ཡབ་ཀྱི་ཕྱག་རྒྱ་དྲུག་དང་། ཡུམ་ལ་མཆོད་ཕྱིར་ཐོགས་ཕུད་པའི་ཕྱག་རྒྱ་ལྔ་ཡོད། དེ་རྣམས་ཀྱི་བཟོ་སྟངས་དང་ཆ་ཚད་སོགས་ཞིབ་པར་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྣམ་འབྱོར་རོལ་བའི་དགའ་སྟོན་དང་སོག་པོ་དམ་ཚིག་རྡོ་རྗེས་མཛད་པའི་གསང་སྔགས་ཀྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་ལས་གསལ་ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1