༄༅། །བསམ་བློ་དང་འབྲེལ་བའི་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01



བསམ་བློ་དང་སློབ་གསོ།

རིག་པའི་ཟབ་གནད་བསམ་བློའི་སློབ་གསོ་ཡིས།  །མ་རིག་ལོག་རྟོགས་མུན་པ་ཀུན་འཇོམས་ཏེ།  །མི་མངོན་རང་གཤིས་གཙང་མའི་སེམས་ཀྱི་ཆོས།  །མངོན་སུམ་རྗེན་པར་འཆར་བའི་ཐབས་སུ་གྲུབ།  །

དེང་རབས་སྤྱི་ཚོགས་སུ་འགྲོ་བ་མིའི་རིགས་ཀྱི་རྒྱུད་ལ་སློབ་གསོའི་གོ་རྟོགས་དང་།   ཀུན་སྤྱོད་གཙང་དག་གིས་རང་རྒྱུད་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་ནི་ཚད་ལྡན་གྱི་བསམ་པའི་ཁོར་ཡུག་བཟང་པོ་ཞིག་ཡིན།    སྤྱིར་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་ལ་མཚོན་ན་མི་གཤིས་བཟང་ངན་ནི།    རང་རྒྱུད་ལ་སློབ་གསོ་དང་ཤེས་ཡོན་གྱི་མྱོང་ཚོར་ཡོད་མེད་ལ་རག་ལས་པ་ཡིན་ཕྱིར་མི་རིགས་ཤིག་སྔོན་ཐོན་གྱི་ལམ་ལ་འགྲོ་དགོས་ཚེ་ངེས་པར་དུ་བསམ་བློའི་སློབ་གསོ་མེད་དུ་མི་རུང་བ་ཞིག་ཡིན།     སློབ་གསོ་ནི་མི་གཤིས་ཡང་དག་འཆོས་བྱེད་དང་བག་ཆགས་བཟང་པོ་འཇོག་བྱེད་ཀྱི་རིན་ཐང་ལྡན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞིག་ཏུ་ངོས་འཛིན་གནང་ཆོག    སློབ་གསོས་རང་རྒྱུད་མ་རླན་པའི་རང་གཤིས་གྱོང་པོའི་མིའི་རིགས་ལ་ཕྱུགས་ཟོག་གི་ཀུན་སྤྱོད་མངའ་བའི་གང་ཟག་སྟེ།  ཆོས་སྲིད་གཉིས་དང་རྒྱབ་འགལ་དུ་འགྲོ་བས་འདི་ཕྱི་གཉིས་ཕན་གྱི་ལས་གང་ཡང་བསྒྲུབ་པའི་ནུས་པ་མེད།    མིའི་བསམ་བློ་ཡང་དག་པ་ནི་སློབ་གསོའི་ནུས་པས་ཁ་ལོ་བསྒྱུར་བའི་ལས་ཁོ་ན་ཡིན།  སློབ་གསོའི་གོ་མྱོང་མེད་པའི་མི་རིགས་ཤིག་ལ་མི་ཡི་གོམས་གཤིས་ལ་བརྟག་ནས་མི་རིགས་གཞན་དག་གིས་ཟུར་ཟ་དང་།  ཐེ་ཚོམ་གྱི་དོགས་གཞིའི་ལྟ་སྣང་དང་བརྙས་བཅོས་སོགས་བྱེད་པ་དང་།   རང་ཉིད་ལ་རིག་གནས་དང་སློབ་གསོ་མེད་པའི་ཀུན་སྤྱོད་ཀྱིས་རང་འཚང་འབྱིན་པའི་མི་གཤིས་མངོན་ཏེ་གཞན་ལ་ཐེ་གཏོགས་དང་།  མངོན་པའི་ང་རྒྱལ་གྱིས་ཐོ་འཚོམ་པར་བྱེད་པའི་རྣམ་འགྱུར་སྟོན་པ། སྙིང་ལ་གཟན་པའི་གཏམ་བབ་ཅོལ་དུ་སྨྲ་བས་གཞན་གྱིས་ཡིད་སེམས་དཀྲུགས་པ།   ཐ་ན་གྲོང་ཁྱེར་དང་ཚོང་རར་འགྲིམས་ཚེ་དུས་རབས་ཀྱི་འགྲོས་དང་མི་མཐུན་པའི་ཀླད་པ་རྙིང་ཞེན་གྱིས་རང་གཤིས་གྱོང་པོའི་གཙང་སྒྲ་དང་། འཕྲོད་བསྟེན་ལ་དོ་སྣང་མེད་པ་ཁྲེལ་མེད་ཀྱིས་སྤྱོད་པས་ཕྱུགས་ཟོག་ལྟར་བཤང་གཅི་དང་ངར་སྣབས་སོགས་གང་སར་འདོར་བ། གླ་འཁོར་དང་རླངས་འཁོར་མགྲོན་ཁང་ཆེ་ཕྲ་སོགས་ལ་སྨྱོན་པ་བཞིན་ཞུགས་ཏེ་ཁ་ལོ་བ་ལ་བརྙས་བཅོས་དང་།  བཙན་ཤེད། སྡིག་མོ་སོགས་ཀྱིས་གང་སར་ཁྲིད་ནས་གླ་ཆ་མི་སྤྲོད་པ། རང་རྒྱུད་མ་རངས་བའི་གོམས་གཤིས་ཀྱིས་འགྲོ་འདུག་སྤྱོད་ལམ་སོགས་གང་ལའང་མ་བརྟག་མ་དཔྱད་པའི་ལས་ལ་ཚམ་ཚོམ་མེད་པར་ཞུགས་ནས་མཐར་འབྲས་རང་ཉིད་ཁྲིམས་ཉེས་དང་སྲོག་ཉེས་ཀྱི་མི་ཚེའི་མཇུག་རྫོགས་པ།    ཕ་མ་དང་རྒན་རབས་སོགས་ཀྱི་བསྒོ་བར་རྣ་གཟན་ནས་ང་རྒྱལ་དང་རློམ་སེམས་ཀྱི་དང་ལེན་བརྩི་འཇོག་མེད་པར་དྲེགས་པ་བརྟས་ཏེ་ལན་ལ་རྒོལ་བ།   རྐུ་རྫུན་གཡོ་ཁྲོམ་སོགས་ཆ་འཇོག་མེད་པའི་མ་རབས་ཀྱི་སྤྱོད་པའི་ལས་ཁོ་ནས་མི་ཚེ་བསྲིང་སྟེ་ད་དུང་ངོམ་ཆོས་དང་དཔའ་གཏམ་གྱི་ཁ་ཕོ་བཅངས་པ།   དེ་དག་རིག་གནས་དང་སློབ་གསོ་མེད་པའི་ཁར་མི་རིགས་ཤིག་གི་རྐང་འདྲེན་ཞིག་ཡིན།    ལས་གང་ཞིག་བསྒྲུབ་རུང་ཐོག་མར་རང་རྒྱུད་ལ་བརྟག་ནས་ལེགས་ཉེས་སོགས་བྱ་བ་མཐའ་འཁྱོལ་མིན་ལེགས་པར་དཔྱད་དེ་བླང་དོར་བྱ་དགོས།      མདོར་ན་རང་རེ་འགྲོ་བ་མིའི་གནས་རིས་སུ་སྐྱེས་པའི་དོན་པོ་སློབ་གསོ་དང་རིག་གནས་ལ་བརྩི་འཇོག་དང་།   ཁྱད་པར་དུ་བསམ་བློའི་སློབ་གསོའི་བྱང་ཚད་ལ་རྒྱུད་འབྱོར་བ་དང་། རྒྱུས་ལོན་བྱ་རྒྱུ་ནི་མིག་སྔར་ཆེས་མཛེས་པ་དང་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན།

བསམ་བློ་དང་ཀུན་སྥྱོད།

མ་བཅོས་རྣམ་དག་བསམ་པའི་འཆར་སྒོ་ནས།   །དྲན་ཤེས་བརྟན་པོའི་བག་ཡངས་ཀུན་སྤྱོད་ངང་།  །རང་བཞིན་གཤིས་ཀྱི་གནས་ལུགས་ཅེར་མཐོང་གིས།  །རང་གྲོལ་ཆེན་པོའི་དགོངས་པ་མངོན་དུ་གྱུར། །

རང་རྒྱུད་བསམ་བློའི་འདུ་ཤེས་ལས་ཕྱི་ནང་བདེ་སྡུག་གི་སྣང་བ་སྣ་ཚོགས་ཤིག་འབྱུང་བཞིན་པ་ནི་འགྲོ་བ་སྤྱི་མཐུན་གྱི་སྣང་བ་ཞིག་ཡིན་ལ།   བྱེ་བྲག་འཛམ་བུ་གླིང་གི་འགྲོ་བ་མི་ཡི་རང་ངོས་ཀྱི་བསམ་པའི་འཆར་སྒོ་ལས།   ཀུན་སྤྱོད་གཙང་དག་གི་གོམས་གཤིས་ལྡན་མིན་རྣམ་པ་སྣ་ཚོགས་སུ་བྱུང་དང་འབྱུང་བཞིན་ཡོད་པས།   རང་རྒྱུད་མ་རངས་བའི་ཀུན་སློང་སྒོ་གསུམ་གྱི་སྤྱོད་པ་གང་དང་ཅི་བྱུང་བ་ཐམས་ཅད་བསམ་པའི་བྱེ་བྲག་གི་ཁྱད་པར་ལས་མ་འདས་པས།     བསམ་བློ་དག་ཐེར་བྱ་རྒྱུ་གལ་ཆེ་སྟེ།     བསམ་བློ་དག་ཐེར་ཇི་ལྟར་བྱ་ཞེ་ན།   རང་རྒྱུད་དྲན་ཤེས་ཀྱིས་མ་ཟིན་པའི་ལུས་ཀྱི་ལས་དང་།   བརྗོད་འདོད་ཀྱི་ཀུན་སློང་མེད་པའི་སྨྲ་བྱེད་ཀྱི་ངག་དང་།   དུས་གསུམ་ཁ་ཡན་དུ་གཏོང་བའི་རྟོག་ཚོགས་ཀྱི་སེམས་དང་བཅས།   འདི་གསུམ་ལ་བརྟག་དཔྱད་ཞིབ་མོར་བྱས་ཏེ་ལས་གང་བརྩམ་པ་ལ་ཐོག་མར་འཇུག་དགོས་ཏེ།    ལུས་ཀྱི་འགྲོ་འདུག་སྤྱོད་གསུམ་བག་ཡོད་དང་དྲན་ཤེས་བརྟན་པོའི་སྒོ་ནས།  ངག་གིས་སྨྲ་བརྗོད་འཐད་ཅིང་བག་ཕེབས་པར་སྨྲ་བ། རང་འདོད་ཡིད་བྱེད་ཀྱི་འཕྲི་བ་རྩད་ནས་བཅད་པའི་སེམས་ཀྱི་འགྱུ་བ་འཐའ་དག་རང་ཞིག་ཏུ་འགྲོ་བའི་དྲན་ཤེས་བརྟན་པོའི་སྒོ་ནས། སྒོ་གསུམ་གྱི་སྤྱོད་ལམ་ལ་བརྟག་སྟེ་ཡིད་དུ་འོང་ཞིང་ཚུལ་དང་མཐུན་པའི་ལས་ལ་འབད་པ་ནི་འགྲོ་བ་མི་ཡི་བདེ་སྐྱིད་ཀྱི་ཚོར་བ་ལ་རོལ་བའི་དངོས་རྒྱུ་ཐུན་མོང་མ་ཡིན་པའི་ལས་ཁོ་ན་ཡིན།      དེ་ཇི་ལྟར་ཞེ་ན། ཚོར་བ་ནི་ཉམས་སུ་མྱོང་པའི་མཚན་ཉིད་ཞིག་སྟེ་བདེ་སྡུག་བཏང་སྙོམས་གསུམ་གྱི་རང་བཞིན་དང་ལྡན་པ་ཞིག་ཡིན་གཤིས།   རང་གཞན་སེམས་ལྡན་ཀུན་གྱི་ཡུལ་ཡིད་དུ་འོང་བ་ལ་ཆགས་པའི་རྣམ་པ་ཞིག་གིས་དང་ལེན་བྱ་བ་དང་།   ཡིད་དུ་མི་འོང་བ་ཞིག་ལ་སྡང་བའི་རྣམ་པ་ཞིག་གིས་འདོར་འདོད་ཀྱི་ཚོར་སྣང་སྐྱེས་བ་དང་།   བཏང་སྙོམས་ལ་བདེ་སྡུག་གང་ཡང་མ་ཡིན་པ་སྣང་བའི་ཚོར་བ་ཞིག་རང་ཤུགས་སུ་འབྱུང་ཉེ་བས།    བསམ་བློ་དང་ལྟ་ཚུལ་མཐུན་པའི་རང་རྒྱུད་ཀྱི་ལས་ལ་འཇུག་ཅིང་།  དེ་ལས་བཟློག་པའི་ལས་མཐའ་དག་སྤང་ཅི་ཐུབ་བྱ་དགོས།   རང་རྒྱུད་ཀྱི་སྒོ་གསུམ་ཞི་དུལ་དང་བག་ཡོད་པར་སྤྱོད་ཅིང་འཇུག་པའི་ལས་ལ་བརྩོན་ཞིང་།   འགྲོ་བ་ཀུན་ལ་ཉི་མ་ལྟ་བུའི་ཕན་པའི་ལས་ཅི་ནུས་བསྒྲུབ་སྟེ།    གཞན་ལ་བརྙས་བཅོས་དང་ང་རྒྱལ་གྱིས་ཁོག་པ་མི་བརྒྱང་བར་རྟག་པར་ཉམ་ཆུང་དང་དམན་ས་འཛིན་དགོས།  ལས་གང་བརྩམ་པའི་ཐོག་མར་དྲན་ཤེས་བརྟན་པོའི་སྒོ་ནས་རང་གིས་སྤྱོད་ལམ་ལ་བརྟག་སྟེ། སྒོ་གསུམ་གྱི་ལས་ལ་འཇུག་དགོས་པ་ལས་རང་སྣང་གང་བྱུང་གི་ལས་ལ་བྱུང་རྒྱལ་དུ་ཞུགས་པའི་གང་ཟག་དེས།  རང་རྒྱུད་ཆུད་ཟོས་སུ་བཏང་སྟེ་ཉེས་ཁའི་སོ་ན་གནས་པའི་གཡང་ས་ཆེན་པོར་ལྷུང་བའི་རྒྱུར་འགྱུར་བས།  རྟག་པར་དྲན་ཤེས་བརྟན་པོའི་སྒོ་ནས་ལས་ལ་འཇུག་དགོས།    མདོར་ན་ཐོག་མར་དྲན་ཤེས་ཀྱི་རང་རྒྱུད་བརླན་པའི་བཅུ་ཕྲག་རིག་པའི་འབྱུང་གནས་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཐུགས་རྒྱུད་ཕྱུག་པའི་དགེ་བའི་བཤེས་གཉེན་གྱི་མདུན། རྒྱ་བོད་ཤེས་བྱའི་གནས་མཐའ་དག་ལ་རང་བྱན་ཚུད་པར་བྱས་ནས།   བླང་དོར་གྱི་དོན་མ་ནོར་བ་འབྱེད་པའི་ཤེས་རབ་ཀྱི་མིག་ལེགས་པར་བསྒྲུབ་ཏེ་ཐོས་བསམ་གྱིས་མཐའ་རྒྱ་ཆོད་པ་ཞིག་ངེས་པར་བྱ་དགོས།

 

བསམ་བློ་དང་ཁོར་ཡུག

སྣོད་ཀྱི་འཇིག་རྟེན་ཕྱི་ཡི་ཁོར་ཡུག་དང་།   །བཅུད་ཀྱི་སེམས་ཅན་ནང་གི་ཁོར་ཡུག་སོགས།  །གསང་བ་རྟོག་ཚོགས་རིག་པའི་ཁོར་ཡུག་དུ།  །དུས་གསུམ་ཤེས་བྱ་ཁོར་ཡུག་གཅིག་ཏུ་ཟླུམ།  །

ཞེས་ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདིར་རི་རབ་ཁང་ཁྱིམ་དང་གླིང་དང་གླིང་ཕྲན་རྩི་ཤིང་ནགས་ཚལ། སྤང་ལྗོངས་དང་རྩྭ་ཐང་། ཆུ་ཀླུང་དང་གཙང་པོ། མཚོ་དང་མཚེའུ་སོགས་ཕྱི་ཡི་ཁོར་ཡུག་དང་།   ནང་བཅུད་ཀྱི་སེམས་ཅན་ལའང་སྐམ་སར་འཚོ་བའི་རི་དྭགས་དང་གཡུང་དྭགས། གཅན་གཟན་དང་འདབ་ཆགས།  འབའ་འབུ་དང་སྦྲང་མ། སྡོམ་དང་སྡིག་པ་སོགས་སྲོག་ཆགས་ཆེ་ཕྲའི་རིགས་དང་།   རླན་སར་འཚོ་བའི་ས་འོག་གི་འབུ་སྲིན་དང་ཤིང་སྡོང་དང་སྐྱེ་དངོས་སོགས་འབྱར་བག་གི་ཁོང་གསེང་དུ་གནས་པའི་སྲོག་ཆགས་རིགས།  མཚོ་དང་མཚེའུ། རྒྱ་མཚོ་ཆེན་པོར་གནས་པའི་ཉ་དང་རུས་སྦལ་ཆུ་སྲིན་དང་སྲམ་སོགས་ནང་གི་ཁོར་ཡུག    གང་ལྟར་བསམ་པའི་འཆར་སྒོ་རུ་སྐྱེ་འཕེལ་གྱི་རིགས་མཐའ་དག་སེམས་ལྡན་དང་སེམས་མེད་ཀྱི་ཁྱད་པར་མ་གཏོགས་ཐམས་ཅད་ཚེ་སྲོག་གི་བཟུང་བ་ཤ་སྟག་ཡིན་ལ།   འགྲོ་བའི་རིས་ཀྱི་ཚེ་སྲོག་འཚོ་གནས་ཀྱི་ཐབས་ལ་འབད་པ་ལྟར་སྐྱེ་འཕེལ་གྱི་ཁོར་ཡུག་གི་ཚེ་སྲོག་ལ་བདག་སྐྱོང་དང་སྲུང་སྐྱོབ་ནན་ཏན་བྱ་དགོས།   ཕྱི་ནང་གི་ཁོར་ཡུག་ལ་འབྱུང་བ་བཞིའམ་ལྔ་ཡི་སྲོག་ཏུ་མ་བཟུང་བའི་དངོས་པོ་ཞིག་རྙེད་པར་མི་འགྱུར་བས།    དཔེར་ན། ཤིང་ལྟ་བུར་དངོས་པོ་ཆུང་ངུ་ཞིག་ལ་འབྱུང་བ་ལྔའི་ཚེ་སྲོག་གི་ཇི་ལྟར་བཟུང་ཡོད་ཅེ་ན།   སྲ་ཞིང་འཐས་པའི་ངོ་བོ་དེ་འབྱུང་བ་ས་ཡི་རང་བཞིན་དང་ལྡན་ལ།    རང་ཚུགས་སུ་སྐྱེས་པ་ཉིད་འཐོར་ནས་ཞིག་ཏུ་མི་འགྲོ་བར་འབྱུང་བ་ཆུ་ཡིས་བསྡུད་པར་བྱེད་ཅིང་།   ཉིན་རེ་ལས་ཉིན་རེ་ཆེར་སྐྱེད་པར་བྱ་བ་ནི་འབྱུང་བ་མེ་ཡི་རང་བཞིན་གྱིས་སྨིན་ཞིང་རྒྱས་པ་དང་།   ཕན་ཚུན་ཡང་ཞིང་གཡོ་སྟེ་འགུལ་བའི་རྣམ་པ་དང་ལྡན་པ་ནི་འབྱུང་བ་རླུང་གི་རང་བཞིན་དང་ལྡན་ལ།  ཇི་ལྟར་གོ་མ་འགག་པར་སྐྱེས་པ་ནི་འབྱུང་བ་ནམ་མཁའི་ཁམས་ཀྱི་ཡངས་ཤིང་གོ་འབྱེད་པའི་ལས་བྱེད་དོ། ། དེ་ལྟར་སྐྱེ་དངོས་ཡོངས་ལ་འབྱུང་བ་ལྔའི་ཚེ་སྲོག་གིས་མ་བཟུང་བ་དང་མ་ཁྱབ་པ་མེད་པའི་ཕྱིར་ན།  ཚེ་སྲོག་གིས་སྐྱེ་འཕེལ་བྱེད་པའི་དངོས་པོ་ཀུན་ལ་རང་གི་ཚེ་སྲོག་ལྟར་གཅེས་སྤྲས་དང་དམ་འཛིན་བྱེད་དགོས་པ་ནི་ཁོར་ཡུག་སྲུང་སྐྱོབ་བྱེད་ཅིང་།   ཁོར་ཡུག་མཛེས་སྡུག་ཏུ་བསྐྲུན་པ་དང་འབྲེལ་བའི་བསམ་བློའི་རང་བཞིན་དང་ལྡན་པར་འགྱུར་བས།   ཁོར་ཡུག་ལ་གནོད་འཚེ་ཇི་ལྟར་ཐེབས་ཚེ་དེ་ལྟར་རང་སྣང་མ་དག་པའི་ལྟ་བ་ཇེ་འཕེལ་དུ་འགྲོ་བ་དང་།   རང་རེ་འགྲོ་བ་མིའི་རིགས་སུ་སྐྱེས་པའི་ཕོ་མོ་རྒན་གཞོན་ཀུན་གྱི་ཤེས་གསལ་ལྟར་ཁོར་ཡུག་ལ་གཙང་སྒྲ་དག་སྣང་གི་སྒོ་ནས་སྲུང་སྐྱོང་དང་གཅེས་སྤྲས་བྱ་རྒྱུ།  ཡུལ་ལྗོངས་དང་རྩྭ་ཐང་།  གངས་རི་དང་ནགས་ཀླུང་།   གཙང་པོ་དང་རྒྱ་མཚོ་སོགས་ཡུལ་ཁྱད་པར་ཅན་རྣམས་ལ་འབག་གཙོག་དང་གཏོར་བརླག་མི་བྱ་བ་རྟག་པར་གཅེས་སྤྲས་བྱ་དགོས།  ལམ་ཁ་དང་གྲོང་ཁྱེར་གྱི་སྲང་མདོ་སོགས་རྒྱུན་ཞུགས་ཀྱི་གནས་སུ་གད་སྙིགས་དང་ཐལ་རྡུལ་སོགས་འདོར་མི་རུང་།  ཕྱུགས་ཟོག་ལྟར་ཁྲེལ་དང་ངོ་ཚ་མེད་པར་བག་མེད་དུ་བཤང་གཅི་དང་ངན་སྐྱུག་སྣབས་ལུད་སོགས་རང་དགར་མི་འདོར་བར་རྒྱུན་ལྡན་གྱི་གསང་སྥྱོད་བཙལ་ནས་འདོར་དགོས།   ཞོགས་པར་ཡར་ལྡང་འཕྲལ་ཟས་ལ་མ་རེག་སྔོན་སོ་དང་སེན་མོའི་བར་གྱི་གྲིབ་མ་འཁྲུད་ནས་གཙང་དག་བྱས་ཏེ། ད་གཟོད་བཟའ་བཏུང་ལ་རོལ་བ་ནི་ནང་ལུས་ཁམས་ཀྱི་ཁོར་ཡུག་ལ་བདེ་ཐང་གི་ཤེས་བྱའི་གནས་ཡིན།   ལྷག་པར་དུ་ཕྱི་སྣོད་ཀྱི་ཁོར་ཡུག་ལ་གཙང་སྦྲ་དང་དག་སྣང་གི་གཅེས་སྤྲས་མེད་ན་བདེ་ཐང་གིས་འཕྲོད་བསྟེན་ལ་ཉམས་རྒུད་འབྱུང་ཉེ་བས།

མཁའ་དབུགས་མི་གཙང་བས་སྟོང་ཁམས་ཆེན་པོའི་གོ་ལའི་འགྱེད་འཕྲོའི་མཁའ་དབུགས་ཀྱིས་ཚེ་སྲོག་ལ་འཚོ་གནས་བྱེད་བཞིན་ཡོད་ཐོག དེ་དང་འདྲེས་པའི་མཁའ་དབུགས་ཚེ་སྲོག་གི་འབྱུང་འཇུག་བྱེད་པའི་རླུང་དང་འཕྲད་དེ་ཁོག་ཏུ་རྔུབས་ནས་ཕྲ་ཕུང་གི་ཁྲག་རྩ་རུ་ཞུགས་ཏེ་བདེ་ཐང་ལ་གནོད་འཚེ་ཐེབས་པའི་ནད་དུ་འགྱུར་རོ། །  དེ་བས་ཁོར་ཡུག་འབག་བཙོག་གིས་མ་བསླད་པར་ཕྱི་ནང་གི་ཁོར་ཡུག་ལ་གཙང་སྒྲ་བཟོ་རྒྱུ་ཤིན་ཏུ་གལ་ཆེའོ།  །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1