མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་བསྒྲུབས་པའི་ཚུན་ལ། སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་ཉིན་རེ་བཞིན་རྒྱས་ཤིང་། སྐྱེ་ཁམས་ཁོར་སྲུང་གི་འདུ་ཤེས་མི་སེམས་ལ་ཟུག་པ་དང་། ཚད་གཞི་ཅན་གྱི་སྒོ་ནས་འཛུགས་སྐྲུན་བྱས་པའི་བདག་སྐྱོང་ས་ཚིགས40དང་། སོ་སོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་བདག་སྐྱོང་དཔུང་སྡེ40ཡོད་པར་གྱུར་ལ། སྐྱེ་ཁམས་བདག་སྐྱོང་པ་རེ་རེར་ལྷག་བསམ་དྲོན་མོ་ཞིག་ཡོད་དེ། དེ་ནི་བློ་གཅིག་སེམས་གཅིག་གིས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། སྐྱེ་དངོས་ཡོད་དོ་ཅོག་བསྲུང་རྒྱུ་དེ་ཡིན་ལ། དེས་མདོ་ལ་རིང་མོའི་ས་ཁུལ་དུ་གཞི་རིམ་གྱི་བདག་སྐྱོང་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བསྐྲུན་ཡོད།
མཚོ་ངོས་ལས་མཐོ་ཚད་ལ་སྨི4000ཡོད་པའི་མཚམས་སུ་བརྟན་སྲུང་བྱས་པ།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གསའ་ལུང་ཐང་བདག་སྐྱོང་ས་ཚིགས་སུ་བསྐྱོད་པའི་ཉིན་དེར། ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་འདུག་པས། དབྱར་གཞུང་ཡིན་ཡང་གྲང་ཤུར་ཤུར་གྱི་ཚོར་སྣང་ཞིག་སྐྱེས་བྱུང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གསའ་ལུང་ཐང་བདག་སྐྱོང་ས་ཚིགས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲོང་ལུང་ཞང་དུ་ཡོད་པ་དང་། མཁའ་དབུགས་ཅི་འདྲ་རྩུབ་ཀྱང་། ཚང་མས་སྔར་བཞིན་གནས་འདི་བརྟན་སྲུང་བྱས་ཏེ། མདོ་ལ་རིང་མོའི་ཁོང་གསེང་གི་རིན་བྲལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་བཞིན་ཡོད།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གསའ་ལུང་ཐང་བདག་སྐྱོང་ས་ཚིགས་ཀྱི་མགོ་གཙོ་ཆི་ཅིན་ཞན་གྱིས་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་དོ་དམ་བྱེད་པའི་ཁྱབ་ཁོངས་སུ་འཁྱགས་ཀློང་དང་། བརླན་ས། ཆུ་རྒྱུན། རྩྭ་ཐང་སོགས་ཡོད་ལ། བརྒྱད་གཅིག་འཁྱགས་ཀློང་ནི་རང་རྒྱལ་གྱི་ནང་སའི་ཆུ་བོ་ཆེན་པོ་གཉིས་པ་བ་ལྡིང་ཆུ་བོའི་མགོ་ཁུངས་ཡིན་པ་དང་། ཁོ་ཚོའི་བདག་སྐྱོང་བྱེད་པའི་ས་གནས་གཙོ་བོའང་ཡིན། བ་ལྡིང་ཆུ་བོའི་མགོ་ཁུངས་ནས་གཙང་ཆུ་ཤར་དུ་བཞུར་བར་ཁག་ཐེག་བྱེད་དགོས།
ཆི་ཅིན་ཞན་གྱིས་བཤད་པ་བཞིན། ཁོ་ཚོས་བདག་སྐྱོང་བྱེད་པའི་ས་ཁོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི4000ཡོད་པ་དང་། མཚོ་ངོས་ལས་ཆེས་མཐོ་ས་དེར་སྨི4800ཡོད། ཆ་རྐྱེན་ཅི་འདྲ་སྡུག་རུང་། འཁྱགས་ཀློང་སྲུང་སྐྱོབ་ཡག་པོ་བྱེད་མིན་དང་། བ་ལྡིང་ཆུ་བོའི་མགོ་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱེད་མིན་དེ། མདོ་ལ་རིང་མོའི་སྐྱེ་ཁམས་དོ་སྙོམས་ཡོང་མིན་དང་འབྲེལ་བ་ཡོད་པས། དེ་ནི་ཁོ་ཚོའི་ལས་འགན་དང་འོས་འགན་ཡིན།
ཅིང་ཧྥུ་ཆིང་ཡང་གསའ་ལུང་ཐང་སྐྱེ་ཁམས་བདག་སྐྱོང་རུ་ཁག་གི་ཁོངས་མི་ཞིག་ཡིན། མི46གིས་གྲུབ་པའི་བདག་སྐྱོང་ས་ཚིགས་ཀྱི“ཁྱིམ་ཚང”འདིའི་ནང་། ཅིང་ཧྥུ་ཆིང་ནི་ལོ་ན་ཆེས་ཆེ་བ་དེ་ཡིན། ལོ་འདི་དག་རིང་གི་བདག་སྐྱོང་བྱེད་ཚུལ་གླེང་སྐབས། ན་ནིང་དགུན་ཁར་ཁོ་དང་རུ་གྲོགས་དཔལ་མོ་སྐྱིད་གཉིས་མཉམ་དུ་གསའ་ལུང་ལ་སྐོར་སྲུང་དུ་བསྐྱོད་པའི་གནས་ཚུལ་དེ་དབང་མེད་དུ་དྲན་འོང་། དགུ་གསུམ་པའི་ནང་གནས་འདིའི་མཁའ་དབུགས་ཤིན་ཏུ་གྲང་ནའང་། ཁོས་འཕྲུལ་རྟ་ཞོན་ཏེ་མུ་མཐུད་མདུན་ལ་བསྐྱོད་པ་ན། སྐབས་དེར་རླུང་ཆེ་ལ་དྲོད་ཚད་དམའ་བས། ཁ་རླངས་ལའང་དར་ཆགས་འགྲོ། ལམ་བར་ནས་རི་ལ་བརྒལ་སྐབས་རླུང་ཆེ་བའི་དབང་གིས་ལམ་གསལ་པོར་མ་མཐོང་བར་ཐེངས་གང་མང་དུ་ཐང་ལ་འགྱེལ། ཁོས་བཤད་ན་ཉིན་དེར་བདག་སྐྱོང་ས་ཚིགས་སུ་འབྱོར་དུས་གྲང་སྟེ་འཕྲུལ་རྟའི་གོང་ནས་ཐང་ལའང་འབབ་དཀའ་བར་གྱུར་ཟེར། དོན་དངོས་སུ། དེ་ནི་ཅིང་ཧྥུ་ཆིང་ཁོ་ན་མ་ཡིན་པའི་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཚང་མ་རྒྱུན་དུ་འཕྲད་པའི་དོན་དག་ཅིག་རེད། ཁོ་ཚོའི་དཀའ་སྡུག་ནི་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ།
གསའ་ལུང་ཐང་སྲུང་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པར་མཚོན་ནས་བཤད་ན། དེང་སྐབས་ཀྱི་བདག་སྐྱོང་ས་ཚིགས་ནི་སྦྲ་གུར་ནས་ཚད་གཞི་ཅན་གྱི་འཛུགས་སྐྲུན་བྱས་པའི་ཁང་པར་གྱུར་ཡོད་ལ། བདག་སྐྱོང་ལག་ཆ་ཡང་རང་ཉིད་ཀྱི་འཕྲུལ་རྟ་ནས་ལྷུ་ལག་ཆ་ཚང་གི་རླངས་འཁོར་དང་འཕྲུལ་རྟར་གྱུར་ཡོད། དེར་མ་ཟད་ད་ལྟ་ད་རུང་མི་མེད་གནམ་གྲུ་ཡང་ཡོད། སྐོར་སྲུང་བྱེད་དཀའ་བའི་ས་ཁུལ་འགའ་ཞིག་ཏུ་མི་མེད་གནམ་གྲུར་བརྟེན་ནས་སྐོར་སྲུང་བྱེད་ཆོག ཕྲན་ཚེགས་ཀྱི་འགྱུར་ལྡོག་རེ་རེས་ཁོ་ཚོར་མྱོང་ཚོར་ཟབ་མོ་སྦྱིན།
རི་ཁུག་གི་ལུག་རྫི་ཞིག་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ།
རི་ཁུག་ནས་ལོ་ངོ29འདས་པའི“ལུག་རྫི”འདི་ལ་ཉེན་ཁ་དང་རྨས་སྐྱོན་གྱི་ན་ཟུག་ཐེངས་མང་བསླངས་མྱོང་། སྤྱང་ཀི་དང་ཁ་གཏད་དུ་ལངས་པ། ཆུ་བོ་བརྒལ་སྐབས་འཕྲུལ་རྟ་ཆུས་ཁུར་བ། ཁངས་ཆེན་ཁྲོད་ཐང་ལ་འགྱེལ་བ། མགོ་བོ་དར་གྱི་སྟེང་ལ་བརྡབ་པ་སོགས་ཀྱི་མྱོང་བ་བགྲང་གིས་མི་ལངས་པ་ཞིག་ཡོད་མོད། འོན་ཀྱང་ལབ་སྒྲོན་ཚེ་རིང་གིས་བཤད་ན “སྐོར་སྐྱོད་བྱེད་ཐེངས་རེར། རྐྱང་དང་། གནའ་བ་རྣམས་ཀྱིས་ཆུ་ངོགས་སུ་ཆུ་འཐུང་བ་དང་། རྩྭ་བཟའ་བ། ཨ་སྔོན་དང་སྤྲིན་དཀར་གྱི་ལྡོག་འོད་མཚོ་ནང་དུ་འཕྲོས་པ་མཐོང་སྐབས། ཡིད་ལ་སྤོབས་པས་ཁེངས་འགྲོ”ཟེར།
རི་སྟེང་གི་ནགས་ཁུལ་རྒྱ་ཁྱོན་ཤིན་ཏུ་ཆེ་ཞིང་། ཡུག་གཅིག་ཏུ་སྦྲེལ་ཡོད། འོན་ཀྱང་བདག་སྐྱོང་པ་རེ་རེས་རང་ལ་བགོས་པའི་ས་ཁུལ་གསལ་པོ་ཡིན། ལབ་སྒྲོན་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་བདག་སྐྱོང་ས་ཚིགས་ཀྱི་ལས་འགན་གཙོ་བོ་ནི་རྐང་འོག་གི་སྔོ་ལྗང་རི་བོ་འདི་བསྲུང་བ་དང་། ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་བ། རི་སྐྱེས་སྲོག་ཆགས་ལྐོག་རྔོན་བྱེད་མཁན་ཡོད་མེད་ལ་ལྟ་བ། སྐྱེ་ཁམས་སྔོ་ཁེབས་ལ་གཏོར་བརླག་བཏང་ཡོད་མེད་ལ་ལྟ་བ། རི་ཆུ་ནགས་གསུམ་ལ་ལྟ་ཞིབ་ཟིན་འགོད་དང་འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱེད་རྒྱུ་བཅས་ཡིན།
མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་གསར་པ་ལག་ཏུ་བསྟར་པས། ལབ་སྒྲོན་ཚེ་རིང་སྐྱེ་ཁམས་བདག་སྐྱོང་པར་བླངས། ཟླ་རེར་ཟླ་ཕོགས་ལེན་ཐུབ་ལ། ཁོའི་གཞིས་ཁྱིམ་ལའང་ལྟ་སྲུང་བྱེད་ཐུབ་པར་གྱུར།
གཞན་གྱིས་བལྟས་ན་ཤིན་ཏུ་དཀའ་ཚེགས་ཆེ་ཞིང་། ཟླ་ཕོགས་དམའ་བའི་སྐྱེ་ཁམས་བདག་སྐྱོང་པའི་བྱ་བ་འདི་གླེང་སྐབས། ལབ་སྒྲོན་ཚེ་རིང་སྤོབས་པས་ཁེངས་བཞིན་བཤད་རྒྱུར། “ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་ཡིན། ཕ་ཡུལ་གྱི་རྩྭ་ཐང་དང་རྩྭ་ཐང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱ་རྒྱུ་ནི་ངའི་འོས་འགན་ཡིན། ཡང་གཅིག་བཤད་ན་ངའི་ཕུགས་བསམ་ཆེ་ཤོས་དེ་ཡིན།”
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བ་སྤེལ་བའི་ཚུན་ལ། མཚོ་སྔོན་དུམ་ཁུལ་དུ་ཚད་གཞི་ཅན་གྱི་བདག་སྐྱོང་ས་ཚིགས40ལས་ཏེ་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ནམ་མཁའ་བར་སྣང་ས་གཞི་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་དྲ་རྒྱ་སྤྱི་ལེ་གྲུ་བཞི་མ8000ལ་སླེབས་ཤིང་། བདག་སྐྱོང་པ1265ཡིས་གནས་འདི་རུ་ཧུར་ཐག་སྒོས་བདག་སྐྱོང་བྱ་བ་སྒྲུབ་བཞིན་ཡོད། ཁོ་ཚོའི་ཞིབ་ཚགས་ཀྱི་བདག་སྐྱོང་འོག མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཡངས་པའི་ས་གཞིར་སྐྱེ་ཁམས་ཀྱི་དཔལ་འབར་ཞིང་། རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་དུ་གྱུར།
རི་ཆེན་ཁུག་གི་དཔའ་མོ་སྟེ“ལྗང་སྲུང་རུ་ཁག”
མདོ་ལ་རིང་མོའི་ཀློང་དུ་ཕྱིན་ན། རིང་ས་ནས་ཉེ་ས་ཀུན་ཏུ། མུ་འབྲེལ་གྱི་གངས་རི་དང་། རྒྱ་ཆེའི་རྩྭ་ཐང་དང་སྟུག་ཅིང་འཛིངས་པའི་ནགས་ཚལ་མང་པོ་ཡིས། ས་ཆེན་སྟེང་རིམ་པ་གསལ་བའི་རི་མོ་ཞིག་བྲིས་ཡོད་ལ། མིག་མདུན་གྱི་ཡུལ་ལྗོངས་འདི་དག་ཇི་ལྟར་མཛེས་ནའང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཆུ་འཁོར་སྡེ་བའི་བདག་སྐྱོང་ས་ཚིགས་ཀྱི་སྐྱེས་མའི་བདག་སྐྱོང་རུ་ཁག་གི་དོ་ཟླར་མི་ཡོང་། ཁོ་མོ་ཚོས་ཞུམ་པ་མེད་པར་རུ་ཆེན་གྱི་གསེབ་ཏུ་སོང་ནས་ཟིན་ཐོར་འགོད་པ་དང་ལྟ་སྲུང་བཅས་བྱེད་ཀྱིན་ཡོད།
གཡང་མོ་འཚོས་ངོ་སྤྲོད་བྱས་པ་ལྟར་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཆུ་འཁོར་སྡེ་བའི་བདག་སྐྱོང་ས་ཚིགས་སུ་སྐྱེ་ཁམས་བདག་སྐྱོང་པ101ཡོད་ལ། སྐྱེས་མ་རུ་མི32ཡོད་པ་དེས་སྐྱེ་ཁམས་བདག་སྐྱོང་པའི་སུམ་ཆའི་གཅིག་ཟིན་ཡོད། ཐོག་མའི་སྐྱེས་མ་རུ་མི2ནས8ལ་འཕར་བ་དང་དེ་ནས་དེ་རིང་གི་གནས་ཚུལ་འདི་རེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནང་། ཁོ་མོ་ཚོར་མི་ཚང་མས་སྐྱེས་མའི་བདག་སྐྱོང་རུ་ཁག་ཅེས་འབོད་བཞིན་ཡོད་ལ། བདག་སྐྱོང་བྱེད་ཡུལ་གྱི་རྒྱ་ཁྱོན་སྤྱི་ཆིང15874.19ཡོད་པ་དང་། དེའི་ཁྲོད་དུ་རྩྭ་ཐང་དང་། ནགས་ཚལ། ཆུ་བོ་སོགས་ཚུད་ཡོད།
གཡང་མོ་འཚོས་གསར་འགོད་པར་བཤད་རྒྱུར། ཁོ་མོ་ཚོས་སྐོར་སྲུང་ས་ཁུལ་ཆེས་ཉེ་བ་དེ་བདག་སྐྱོང་ས་ཚིགས་དང་བར་ཐག་སྤྱི་ལེ4ཡི་མཚམས་སུ་ཡོད་པའི་དངུལ་ལུང་ཡིན། རླངས་འཁོར་ཐོན་ཐུབ་པའི་ཆེས་རིང་ས་ནི་བདག་སྐྱོང་ས་ཚིགས་དང་སྤྱི་ལེ16གི་མཚམས་སུ་ཡོད་ཅིང་། ད་དུང་སྤྱི་ལེ80ལྷག་གི་སྐོར་སྲུང་ས་ཁོངས་སུ་རླངས་འཁོར་བགྲོད་མི་ཐུབ། ཁོ་མོ་ཚོས་ཡང་ན་འཕྲུལ་རྟ་བསྐོར་བ་དང་ཡང་ན་འབྲོག་ཁྱིམ་ལ་རྟ་གཡོར་བ། ད་དུང་རླངས་འཁོར་དང་རྟ་གང་ཡང་མི་ཐོན་པའི་སར་རྐང་ཐང་དུ་འགྲོ་བ་ལས་འོས་མེད། ནགས་ཚལ་བརྒྱུད་པ་དང་རྩྭ་ཐང་བརྒལ་བ། ཆུ་བོ་ཟབ་མོར་བརྒལ་རྒྱུ་བཅས་ནི། ཁོ་མོ་ཚོའི་སྐོར་སྲུང་ལམ་གྱི་ཉིན་རྒྱུན་གྱི་བྱ་བ་ཡིན།
དངུལ་ལུང་ལ་སྐོར་སྲུང་བྱེད་སྐབས། གཡང་མོ་འཚོས་ཡུལ་དངོས་ནས་རུ་མི་རྣམས་ལ། མེ་ཏོག་དང་རྩི་ཤིང་སྡོང་ཕྲན་བཅས་ལ་འབུས་གནོད་པ་ཐེབས་ཡོད་མེད་དབྱེ་ཞིབ་ཇི་ལྟར་བྱེད་པ་དང་། ད་དུང་སེམས་ཞིབ་མོའི་སྒོ་ནས་ས་ཐོག་ཏུ་རི་སྐྱེས་སྲོག་ཆགས་ཀྱི་རྗེས་ཤུལ་ཡོད་མེད་ལ་ལྟ་ཞིབ་བྱེད་པ། གལ་ཏེ་ཡོད་ན། ལྟ་ཞིབ་ཚད་ལེན་གྱི་འགུལ་རྣམ་དེ་དུས་ཚོད་དང་པོའི་ནང་སྐོར་སྲུང་གི་མཐའ་སྣེའི་ཐོག་སྤྲོད་དགོས་ལ། སྐོར་སྲུང་གནས་ཚུལ་ཐོ་འགོད་བྱེད་དགོས་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྲིད།
གཡང་མོ་འཚོས་བཤད་རྒྱུར། ཁོ་མོ་ཚོས་ས་ཁོངས་ནང་གི་ཕྱུགས་ཟོག་འཚོས་པའི་གནས་ཚུལ་ཡང་གཙོ་གནད་དུ་བཟུང་ནས་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། རྩྭ་ཕྱུགས་དོ་མཉམ་ཡིན་མིན་དང་། ཕྱུགས་ཟོག་ཚད་བརྒལ་གྱིས་འཚོས་ཡོད་མེད། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བཅས་ཀྱི་བྱ་བ་ཡོད་ཚད་ནི་ལོ་གཅིག་གི་དུས་ཚིགས་བཞིའི་རིང་ལ་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱེད་དགོས་པའི་བྱ་བ་ཡིན།
སྐོར་སྲུང་མཇུག་བསྒྲིལ་ཏེ། བདག་སྐྱོང་ས་ཚིགས་སུ་ཕྱིར་ལོག་པའི་ལམ་ཁར། ཁོ་མོ་ཚོའི་རླངས་འཁོར་དུས་ངེས་མེད་དུ་བསྡད་དེ་ལམ་འགྲམ་གྱི་གད་སྙིགས་འཐུ་བཞིན་ཡོད། གཡང་མོ་འཚོས་བཤད་རྒྱུར། སྐྱེ་ཁམས་ལ་བདག་སྐྱོང་བྱེད་པར་བྱ་བ་ཞིབ་ཕྲ་བསྒྲུབ་དགོས། སྐྱེ་ཁམས་ཐོན་ཁུངས་ལ་བདག་སྐྱོང་བྱེད་དགོས་པར་མ་ཟད། ད་དུང་དྭངས་གཙང་གི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཏེ། ཆུ་དྭངས་རི་སྔོ་ལ“བཞིན་མདངས”ལྡན་པར་མ་ཟད“རིན་ཐང”ཡང་ལྡན་པར་བྱེད་དགོས་སོ། །