སྤྱི་ཟླ9པའི་ཚེས5ཉིན་གྱི་ལྕགས་ཟམ་ཁའི་ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་མང་ཚོགས་ཀྱིས་མིག་ནང་མཆི་མ་འཁོར་བཞིན་རོགས་སྐྱོབ་མི་སྣ་ཕེབས་སྐྱེལ་ཞུས།
གནོད་ཐེབས་མང་ཚོགས་ཀྱིས་རོགས་སྐྱོབ་མི་སྣ་ཕེབས་སྐྱེལ་བྱེད་བཞིན་པ།
གནོད་འཚེ་ཐེབས་ཁུལ་མང་ཚོགས་ཀྱིས་རོགས་སྐྱོབ་བྱེད་དུ་འོང་མཁན་མི་སྣ་ལ་བཀའ་དྲིན་ཞུ་བཞིན་པ།
འབོ་ཞབས་གྲོང་རྡལ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་རོགས་སྐྱོབ་བྱེད་མཁན་རླངས་འཁོར་ལ་ཁ་དར་འདོགས་བཞིན་པ།
སྤྱི་ཟླ9པའི་ཚེས13ཉིན་ལ་ལྕགས་ཟམ་ཁའི་ས་འགུལ་གྱི་གནོད་སྐྱོན་ཐེབས་ཡུལ་འདི་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་བརྒྱུད་མྱོང་བའི་གསར་བརྗེའི་གནས་གཞི་རྙིང་པ་ཡིན་ཞིང་།གནོད་སྐྱོབ་བྱེད་མཁན་གྱི་དམག་དཔུང་དང་དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པ། མེ་ཟོན་གནོད་སྐྱོབ་རུ་ཁག་སོ་སོས་གནོད་སྐྱོབ་ལས་འགན་གྲུབ་རྗེས་གཅིག་རྗེས་གཉིས་མཐུད་དུ་ཕྱིར་ལོག་པའི་སྐབས་འདིར་། མཐོང་ཐོས་བྱུང་ནས་གནོད་ཐེབས་མང་ཚོགས་ཚོས་མ་སྐུལ་དང་བླངས་ཀྱིས་ཕེབས་སྐྱེལ་བྱེད་དུ་ཡོང་བ་རེད།
ས་འགུལ་ལ་སྙིང་རྗེ་མེད་ནའང་མི་ཡུལ་ལ་བྱམས་སེམས་ཡོད། ཚེས13ཉིན་གྱི་སྔ་དྲོར་འབོ་ཞབས་གྲོང་རྡལ་གངས་དཀར་ཁྲོམ་ལམ་ཆེན་པོའི་གཡས་གཡོན་གཉིས་སུ་ཡུལ་དེ་གའི་མི་སེར་མང་པོ་ལངས་ནས་འཕྲེད་འགེལ་སྦྱར་དམར་པོས་ཡུག་གཅིག་ཏུ་སྦྲེལ་ཞིང་། ཁ་དར་དཀར་པོ་ལྷབ་ལྷུབ་རླུང་བུས་བསྐྱོད་དེ་དམར་མདངས་བཀྲ་བའི་དར་དམར་ཆུང་ཆུང་ལག་ཏུ་བཟུང་ནས་དེ་གར་རོགས་སྐྱོབ་དཔུང་སྡེའི་ཕྱིར་ལོག་རུ་ཁག་བསྒུགས་ནས་ཡོད་པ་ནི་ཁོང་ཚོའི་བཀའ་དྲིན་ཐུགས་རྗེ་སེམས་དབུས་སུ་བཅངས་ཡོད་པར་མཚོན་པ་རེད།
སྔ་དྲོའི་ཆུ་ཚོད8པར་དཔུང་སྡེའི་དཔོན་དམག་གི་རླངས་འཁོར་རུ་ཁག་གངས་དཀར་ལམ་ཆེན་བརྒྱུད་པའི་སྐབས་སུ་ལམ་གྱི་གཡས་གཡོན་གཉིས་སུ་མང་ཚོགས་ཚོས་སེམས་འགུལ་རང་ཚོད་འཛིན་ཐབས་བྲལ་ནས་རླངས་འཁོར་བསྐོར་ནས་བཀག་སྟེ“གཉེན་ཉེ”ཚོར་སྙིང་ཁོང་གཏིང་ནས་ཐུགས་རྗེ་ཆེ་ཞུས་པས་མ་ཚད་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
ཁོ་ཚོའི་ཁྲོད་ཀྱི་མི་ལ་ལས་མིག་ཆུ་འཁོར་ནས་སྐར་ལྔའི་དར་དམར་གཡོ་གཡོ་བྱེད་པ་དང། ལ་ལས་འཚམས་འདྲིའི་དངོས་པོ་འཁྱེར་ནས་དམག་མིའི་རླངས་འཁོར་ནང་བཞག་པ། ལ་ལས་རླངས་འཁོར་ལ་ཁ་བཏགས་དཀར་པོ་བཏགས་པ། ལ་ལས་རླངས་འཁོར་མདུན་དུ་ཕྱག་ཕུལ་གུས་འདུད་ཞུ་བ་སོགས་བྱེད་པ་རེད།
དེ་དང་ཆབས་ཅིག་བཀོད་སྒྲིག་བྱ་ཡུལ་ཁག་གི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་ཀྱང་བབ་ཆགས་ཤོས་ཀྱི་བྱེད་ཐབས་ཐོག་ནས་ཁ་བྲལ་བའི་འགུལ་འགོག་གནོད་སྐྱོབ་བྱེད་མཁན་མི་དམངས་བུ་ཕྲུག་དམག་ལ་ཐུགས་རྗེ་ཆེ་ཞུས།
“དེ་རིང་ང་ཚོའི་དཔའ་བོ་ཕྱིར་ལོག་རྒྱུ་ཡིན་པས་ཁ་བྲལ་འདོད་མེད་པས་སེམས་ཧ་ཅང་སྡུག་བྱུང”ཞེས་དམག་མི་བསྡད་ཡོད་པའི་རླངས་འཁོར་གྱི་མདུན་དུ་འབོ་ཞབས་གྲོང་རྡལ་གྱི་ཧྲན་ཧྲུའུ་གྲོང་སྡེའི་ཚོ་ཆུང་བཞི་པའི་གྲོང་མི་ཀྲང་ཡུས་ཧྥང་མིག་ཆུ་ཤོར་བཞིན་དུ་འདི་ལྟར་བཤད། མོས་དམག་དཔུང་ཕྱིར་ལོག་བྱ་རྒྱུ་གོ་ཐོས་བྱུང་རྗེས་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ནས་ལམ་འགྲམ་དུ་བསྒུགས་ཏེ་ཡང་དུ་དམག་ཆས་སྤྲས་པའི་དྲིན་ཆེན་དེ་ཚོ་ཐུག་འདོད་ཡོད་ཅིང་། མོས་ཁོང་ཚོ་ནི་མི་དམངས་ཀྱི་བུ་ཕྲུག་དམག་རེད་ལ་སླད་ཕྱིན་ང་ཚོ་ཁྱིམ་ཚང་གཅིག་གི་མི་རེད་ཅེས་བཤད།
ལོ་ན75ལ་སོན་པའི་ཀྲང་ཝེ་ལིན་གྱིས་ཤེད་ཆེན་པོས་དར་དམར་གཡུག་བཞིན་མཆིས། མོ་ནི་གུང་ཧོ་གྲོང་སྡེའི་ཚོ་ཆུང་གསུམ་པའི་གྲོང་མི་ཡིན་ཞིང་། རོགས་སྐྱོབ་དམག་མིས་རིའི་གས་སྲུབས་ནས་རྒྱབ་འཁུར་ཡོང་བ།“ཤི་གསོན་མཉམ་གནས”བྱས་ནས་ཁྱིམ་དུ་ལོག་པའི་ལམ་བུ་དེར་ཕྱིར་དྲན་བྱེད་སྐབས་ཐག་རིང་ཇེ་རིང་དུ་སོང་བའི་གཉེན་ཉེ་ལ་བལྟས་ནས་ཀྲང་ཝུའེ་ལིན་གྱིས་སླར་ཡང་མིག་ཆུ་དབང་མེད་དུ་ཤོར་བ་དང“ཁོང་ཚོས་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་ང་འཁྱེར་ཡོང་བས་ཁོང་ཚོ་ནི་ཧ་ཅང་དྲིན་ཆེན་པོ་རེད”ཅེས་བཤད།
“དཔའ་བོ་ཚོ། ལམ་ཁར་བདེ་མོ་བྱོས” དར་དམར་ལྷབ་ལྷུབ་ཏུ་གཡོ་ལ། ཁ་བཏགས་རླངས་འཁོར་གང་ཞིང་། བཀྲ་ཤིས་སྨོན་ལམ་གི་གཏམ་ཚིག་རེ་རེ་བཞིན་རོགས་སྐྱོབ་དམག་མིར་སེམས་ཁུར་བྱས་པའི་སྐད་ཆ་ཡིན་ལ། སྐར་མ་ཁ་ཤས་ཀྱི་ལམ་ཐག་དེ་ཕྱིར་ལོག་རླངས་འཁོར་རུ་ཁག་ཆུ་ཚོད་ཕྱེད་ཀ་ཙམ་འགོར་བ་རེད།
ཕྱིར་ལོག་རླངས་འཁོར་རུ་ཁག་ཁུག་རྟ་ལུང་པའི་གྲོང་རྡལ་དུ་སླེབས་སྐབས་སྔ་སྣུར་ནས་དེ་གར་བསྒུགས་ནས་བསྡད་ཡོད་པའི་ཉེ་འཁོར་གྱི་ཕེབས་སྐྱེལ་བྱེད་མཁན་མང་ཚོགས་ཚོས་ལྗང་མདོག་གི་དམག་དཔུང་རླངས་འཁོར་ལ་སླར་ཡང་དཀར་ཞིང་གཙང་བའི་ཁ་དར་བཏགས་པ་དང་། རླངས་འཁོར་གྱི་སྒེའུ་ཁུང་ནང་དུ་སྟར་ག་དང་སྒོང་ང་།མ་རྨོས་ལོ་ཏོག་སོགས་རི་ཁུལ་གྱི་ཐོན་རྫས་བཅུག་པ་མཐོང་དུས་འཐབ་འཛིང་པ་ཚོའི་མིག་ལ་མཆི་མ་འཁོར་བཞིན་མཆིས།
ལོ་ཆུང་གདོང་ལེན་རུ་ཁག་བདུན་གྱིས“ང་རང་ནར་སོན་དུས་བཅིངས་འགྲོལ་དམག་བྱ་རྒྱུ་ཡིན”ཞེས་ཡིག་འབྲུ་ཆེན་པོ་བདུན་བྲིས་པའི་ཡིག་པང་ཆེན་པོ་མི་ཚོགས་ཁྲོད་དུ་ཡར་བརྐྱགས་ནས་བསྡད་ཡོད། ཁོ་ཚོ་དྲང་མོར་ལངས་ནས་རླངས་འཁོར་ཕྱོགས་ལ་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས་པ་དང་མིག་ལམ་དུ་བྲལ་འདོད་མེད་པ་དང་དད་གུས་ཆེན་པོ། ཡིད་སྨོན་བྱེད་པ་བཅས་ཀྱི་རྣམ་འགྱུར་བསྟན་ཡོད།
ཀྲང་ཁྲེན་ནི་དུང་དཀར་ལུང་པ་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཡིན་ཞིང་། ལོ་ན13ལ་སོན་པའི་བྱིས་པ་དེས་ལག་གཡོན་པས་རང་བཟོས་བྱས་པའི“དུང་དཀར་ལུང་པའི་མི་དམངས་ཀྱིས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུས”ཞེས་བྲིས་ཡོད་པའི་སྦྱར་ཡིག་མཐོན་པོ་བཀྱགས་ཤིང་། ལག་གཡས་པས་ཚད་དང་མཐུན་པའི་དམག་མིའི་གུས་འདུད་ཞུས་བཞིན་མཆིས།“ས་འགུལ་བྱུང་ནས་ཨ་མྱེ་ལགས་རྐྱེན་ལམ་དུ་ཤོར་བ་དང་། ཨ་ཕྱི་ནི་ཨ་ཁུ་བཅིངས་འགྲོལ་དམག་ལགས་ཀྱིས་བསྐྱབས་གནང་བ་ཞིག་རེད། ཨ་ཁུ་ཚོ་འཕྲལ་མར་རོགས་སྐྱོབ་བྱེད་པར་ཡོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆེན་པོ་སྐྱེ་རྗེས་ངས་ཁོང་ཚོ་དང་འདྲ་བའི་འཐབ་འཛིང་པ་ཞིག་བྱས་ནས་རོགས་རམ་བྱ་དགོས་པའི་མི་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད།
དེ་དང་ཆབས་ཅིག་སྤྱི་ལེ་བཅུའི་ཕྱི་རོལ་གྱི་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་དུ་ཕེབས་སྐྱེལ་བྱེད་པའི་དཔུང་སྡེའི་ཕྱིར་ལོག་རླངས་འཁོར་གྱི་བགྲོད་ལམ་ཡང་བཀག་པ་རེད། སྔ་མོར་རོགས་སྐྱོབ་རླངས་འཁོར་གཏོང་ཡོང་དུས་མང་ཚོགས་ཀྱིས་མདུན་དུ་བསྐྱོད་དེ་རླངས་འཁོར་གྱི་མགོར་ཁ་བཏགས་གཡོགས་ནས་ཁྱད་ཆོས་ཐོན་རྫས་སྣ་མང་འཐབ་འཛིང་པར་སྤྲད་པ་དང་དྲིན་ཆེན་གཉེན་ཉེ་དང་ཁ་བྲལ་མི་འདོད་པས་མིག་ཆུ་ཤོར། ཁྱད་ཆོས་ཐོན་རྫས་ཕར་སྟེར་ཚུར་འཕེན་བྱེད་པ་དང་། ལག་པས་དམ་པོར་འཇུས་ནས་ཁ་བྲལ་འདོད་མེད་པ། མང་ཚོགས་ཚོས་མིག་ལ་མཆི་ཞག་འཁོར་ནས་གོམ་པ་རིམ་བགྲོད་ཀྱི་རླངས་འཁོར་འདེད་བཞིན་ཡོད་པ། ག་ས་ག་ལ་དྲིན་ཆེན་གཉེན་ཉེ་ཕེབས་སྐྱེལ་ཞུ་བའི་མི་སེམས་འགུལ་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་ལ། ག་ས་ག་ལ་མི་རྣམས་ཀྱི་སེམས་ནང་གི་བརྩེ་བ་མཚོན་བཞིན་མཆིས། སྐད་ཆ་ཁྲི་སྟོང་མང་པོས་ཚིག་གཅིག་ཏུ་བསྡུས་ནས“ཁྱེད་རྣམས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་སྲོག་སྐྱབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”།
གདན་ཐོག་སློབ་ཆུང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་མ་ཧུའུ་ཡུས་ཧང་གིས“དབྱི་ལིའི”རྟགས་ཅན་གྱི་ཞོ་འཁྱེར་ནས་རོགས་སྐྱོབ་དཔུང་སྡེ་ལ་སྤྲད་པ་རེད། ཁོས“ད་ཐེངས་ཨ་ཁུ་དང་ཨ་ནེ་མང་པོས་ང་ཚོར་རོགས་རམ་བྱས་བྱུང་བས་ཁོང་ཚོ་ནི་ཧ་ཅང་བློ་ཁོག་ཡངས་ལ་དཔའ་ངར་ཆེན་པོ་འདུག”ཅེས་བཤད།
ཁྱེད་ཀྱི་གཅེས་སེམས་ཕུལ་བར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱིར་ལོག་བྱེད་མཁན་དཔུང་སྡེ་རིམ་བཞིན་ཐག་ཇེ་རིང་དུ་སོང་ན་ཡང་ཕེབས་སྐྱེལ་མ་བྱེད་མཁན་མང་ཚོགས་ཀྱིས་ད་དུང་ལག་པ་གཡུག་བཞིན་མིག་མཆི་ཞག་འཁོར་བཞིན་དུ་སྐད་ཅོར་ཆེན་པོས“ཁྱེད་རང་ཚོ་ལ་ཐུགས་རྗེ་ཆེ། བདེ་མོ་བྱོས”ཞེས་འབོད་བཞིན་མཆིས།།
མཇུག་བསྡུའི་ཟིན་ཐོ།
འགྲོ་ཁར་རོགས་སྐྱོབ་དཔུང་ཁག་ཁག་གི་འཐབ་འཛིང་པ་ཚོས་བཅའ་སྡོད་བྱ་ཡུལ་གཙང་སྦྲ་ཡག་པོ་བྱས་ནས་འགྲོ་ཁར་ཁོང་ཚོས་རླངས་འཁོར་ནང་ནས་མང་ཚོགས་ཀྱིས་བྱིན་པའི་ཁྱད་ཆོས་ཐོན་རྫས་ཐེངས་མང་པོ་ཕྱིར་བཀག་བྱས་ཡོད། ཁོང་ཚོ་ནི་དཔའ་བོ་ཡིན་ལ་གདོང་མཆོང་བྱས་ནས་མང་ཚོགས་ལ་རོགས་སྐྱོབ་བྱེད་པ་དང་།ཁོང་ཚོ་ཡང་བུ་ཕྲུག་ཡིན་པས་ས་ཆ་དེར་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད། སྔོན་མར་དམར་དམག་དཔའ་བོ་ཕེབས་མྱོང་བའི་ས་གཞི་དེའི་ཐོག་ཁོང་ཚོས་སྔོན་བྱོན་པའི་རྐང་རྗེས་དེད་དེ་དུས་རབས་གསར་པའི“ལྕགས་ཟམ་མྱུར་འཕྲོག་བྱས་ནས་རྒྱལ་མོ་རྔུལ་ཆུ་བཙན་བརྒལ་བྱེད་པ”ཞེས་པའི་དཔའ་བོའི་བསྟོད་གླུའི་གླུ་དབྱངས་གསར་པ་བརྩམས་ཡོད།།