༄༅།།ས་བྱ་ལོའི་སིབ་ནད།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


གཅིག    །དཔའ་སྟོད་ཡུལ་སྡེ་སིབ་ནད་ལས་ཐར་བའི་སྐོར།    

    སྤྱི་ལོ་1969ལོར་དཔྱིད་དུས་སྡེ་དགེ་རྫོང་དཔལ་སྤུངས་སྡེ་ཤོག་དཔའ་འོག་འབྲོག་སྡེའི་ནང་སིབ་ནད་ཅིག་བྱུང་བ་རེད།  ངའི་ཕ་མ་རྣམས་ཀྱིས་ཟེར་བ་ལྟར་ན།  དམངས་གཙོ་བཅོས་བསྒྱུར་བྱས་རྗེས་ང་ཚོའི་ལུང་པ་ལ་རིམས་ནད་ཐེངས་དང་པོ་ཡིན་ཟེར།   སྤྱི་ཚོགས་སྙིང་པའི་སྐབས་སུ་སིབ་དང་།  ལྷ་འབྲུམ་རྣམས་ལོ་ཤས་རྗེས་སུ་ཡང་ཡང་ན་ཞིང་སིབ་ནད་ཀྱིས་འཆི་བ་ཉུང་བ་དང་།  ལྷ་འབྲུམ་གྱིས་མི་མི་པོ་འཆི་ཞིང་འབྲུམ་ནག་ཏུ་གྱུར་ཏེ་མིག་ནང་དུ་འབྲུམ་པ་ཐོན་ཏེ་མིག་ལོང་བ་གྱུར་པ་དང་། གདོང་ལ་འབྲུམ་ཐོར་གྱི་རྗེས་ཤུལ་ཆགས་ནས་ངོ་གདོང་གི་མཛེས་མདངས་བརླགས་པ་ལ་གདོང་བསེ་འབག་ཅན་ཟེར་བའི་ངོ་སྐྱོན་ཅན་མང་པོ་ཡོད་པ་རེད་ཟེར།  དཔའ་འོག་སྡེ་པ་ལ་སྟོད་སྨད་གཉིས་སུ་ཕྱེས་ནས་དཔའ་སྟོད་རུ་ཁག་དང་།  དཔའ་སྨད་རུ་ཁག་ཟེར་བ་ཁག་གཉིས་ཕྱེས་ཡོད་པ་རེད།   དཔའ་སྟོད་རུ་ཁག་དེ་དཔའ་སྨད་ལས་མི་གྲངས་ཅུང་ཟད་མང་བ་རེད།  སིབ་ནད་བྱུང་དུས་བོད་ཀྱི་ལོ་སར་རྗེས་ན་ཕལ་ཆེར་སྤྱི་ཟླ་གསུམ་པའི་ནང་ཙམ་ཞིག་ན་ཡིན།  དེ་ནས་ཟླ་བ་གཉིས་ལྷག་ཙམ་གྱི་རྗེས་སུ་ཆད་སོང་། སིབ་ནད་དེ་བྱིས་པ་ལ་བྱུང་ན་ཉེན་ཁ་མེད་ཅིང་དར་མ་དང་།  རྒན་པོ་ལ་བྱུང་ན་ཉེན་ཁ་ཆེན་པོ་ཡོད་ཟེར།  ཐོག་མར་སིབ་ནད་བྱུང་དུས་མི་ཚོས་སྔངས་སྐྲག་ཆེན་པོ་བྱེད་ཅིང་སིབ་ནད་ཡོད་པའི་གྲོང་ཚོ་ལས་འབྲེལ་འདྲིས་མ་བྱས་པར་གཡོལ་སོང་།   

  སྐབས་དེར་དཔལ་སྤུངས་འཕྲོད་བསྟེན་ཁང་གི་རྒྱ་སྨན་པ་ཁྲེན་ཝེན་ཡུའུ་(陈文玉)ཟེར་བ་ཞིག་ཡོད།   ཁོང་སྨན་པ་ཉམས་མྱོང་ཅན།  ལག་ལེན་ལ་དམིགས་བསལ་མཁས་པ་ཞིག་ཡིན་པ་མ་ཟད།  ཞིང་འབྲོག་གང་གི་གྲོང་སྡེའི་ནང་དུ་ནད་པ་ཐུ་མོ་ཡོད་ན་སྨན་བཅོས་བྱེད་སར་འགྲོ་རོགས་བྱེད་མཁན་ཞིག་རེད། སྤྱིར་བཏང་ཚེ་ཚད་རྫོགས་པའི་ནད་པ་རྒན་པོ་ཡིན་ན་མ་གཏོགས། ཁོང་གིས་བལྟས་པའི་ཞིང་འབྲོག་གི་ནད་པ་ཕལ་ཆེར་ 99% དེ་དྲག་སྐྱེད་ཡོང་གི་ཡོད་པ་རེད།   ང་ཚོ་དཔལ་སྤུངས་སྡེ་ཤོག་གི་མི་རྣམས་ཀྱིས་ཁོང་ལ་རྒྱ་སྨན་པ་ཞེས་འབོད་ཅིང་།  སངས་རྒྱས་སྨན་བླ་ལྟ་བུའི་དད་གུས་བྱེད་ས་ཞིག་རེད།    ཁོང་ནི་སྤྱི་ལོ་1957ལོ་དམངས་གཙོ་བཅོས་བསྒྱུར་བྱས་པ་ནས་ལས་གཡོལ་ངལ་གསོ་མ་བྱས་བར་ལོ་ངོ་བཞི་བཅུ་ལྷག་ཙམ་དཔལ་སྤུངས་གྲོང་གསེབ་ཏུ་སྨན་པ་བྱས་ནས་བཞུགས་པ་རེད།   རྒྱ་རིགས་སྨན་པ་ཞིག་མི་ཚེ་གཅིག་བོད་ཀྱི་གྲོང་གསེབ་ཏུ་བཞུགས་མཁན་ཁོང་ལྟ་བུ་ཕལ་ཆེར་ཡོད་མི་སྲིད།   ཁོང་ལོ་ན་གཞོན་སྐབས་འབྲོག་པའི་ནང་ནད་པ་ལྟ་སར་ཕེབས་དུས་ནད་པའི་ཁྱིམ་ཚང་ལ་རྟ་ཡོད་ན་རྟ་ལ་ཆིབས།  རྟ་མེད་ན་རྐང་ཐང་དུ་སྨན་སྒམ་ཁུར་ནས་འགྲོ་མཁན་ཞིག་རེད།   

སྐབས་དེར་དཔའ་སྟོད་དང་།  དཔའ་སྨད་གཉིས་ལ་གློ་བུར་རིམས་ནད་ཡོང་དུས་སྡེ་དགེ་རྫོང་ནས་སྨན་ལས་རུ་ཁག་གཅིག་དཔལ་སྤུངས་སྡེ་ཤོག་ཏུ་རོགས་རམས་ཡོང་ནས་ལས་བགོས་བྱས་ཤིང་།  རྫོང་གི་སྨན་བཅོས་དཔུང་སྡེ་ལས་འགའ་ཞིག་དཔའ་སྨད་དང་།  འགའ་ཞིག་ཚེ་སྤྲུ་ལུང་པ།  འགའ་ཞིག་དཔལ་སྤུངས་སྨན་ཁང་རང་དུ་བསྡད་ནས་ལས་བགོས་བྱས་པ་རེད།  སྐབས་དེ་སྨན་པ་ཁྲེན་ཝེན་ཡུའུ་དཔའ་སྟོད་རུ་ཁག་ལ་ཡོང་པ་རེད།    ཐོག་མར་ནད་པ་བཅུ་ལྷག་ཙམ་བྱུང་བ་དེ་དག་རིམ་བཞིན་བདེ་བླ་ངང་དུ་དྲག་སྐྱེད་བྱུང་བ་དང་།  དེ་ནས་སྤྱིར་བོད་ཀྱི་ཡུལ་སྲོལ་ལ་མི་ཚང་མ་སིབ་ནད་ལས་ཐར་ཐུབ་པའི་རེ་བ་བྱེད་སྲོལ་ཡོད་པ་དང་།  ལྷག་པར་དུ་རྒྱ་སྨན་པས་ནད་པ་རྣམས་བདེ་བླག་ངང་དུ་བཅོས་ཐུབ་པའི་གནས་ཚུལ་དེ་མཐོང་བའི་སྐབས་སུ།  ཁྱིམ་ཚང་སོ་སོས་རང་འགུལ་གྱིས་སིབ་ནས་ལས་ཐར་མ་ཐག་པའི་ནད་པ་དང་འབྲེལ་བ་བྱེད་ཅིང་སིབ་ནད་ལས་ཐར་བའི་ཐབས་ཤེས་བྱས་སོང་།   དེ་ནས་སྔོན་རྗེས་སུ་ང་ཚོའི་རུ་ཁག་ལ་ནད་པ་ཆེ་ཆུང་ཕལ་ཆེར་དྲུག་བཅུ་བདུན་བཅུ་ཙམ་བྱུང་ཡོད་པ་དེ་དག་100% དྲག་སོང་།   ང་ཚོ་གྲོང་སྡེའི་ཕུ་ནས་མདའ་བར་ཕལ་ཆེར་སྤྱི་ལེ་བཅུ་ཡས་མས་ཙམ་ཡོད་རེད།   དཔྱིད་དུས་ཁ་བ་ཆེན་པོ་ཞིག་འབབ་པའི་སྐབས་སུ་ང་དང་ངའི་མིང་སྲིང་སྤུན་མཆེད་རྣམས་སིབ་ནད་ན་བྱུང་།   རྒྱ་སྨན་པ་ནི་ཉིན་རེར་གྲོང་སྡེའི་ཕུ་མདའ་བར་དུ་རྟ་ལ་ཆིབས་ནས་ཐེངས་གཉིས་གསུམ་ཙམ་བསྐོར་ར་བྱེད་དགོས་ཤིང་ཡོད་པ་ནི།  ནད་པ་རྣམས་ལ་ཉིན་ལྟར་སྨན་ཁབ་ཐེངས་གཉིས་ནས་གསུམ་བར་རྒྱེབ་དགོས་པས་རེད།   སྐབས་དེར་ཁོང་གིས་ནད་པ་དང་ནད་པའི་བར་ས་ཐག་རིང་།  ཁ་བ་འབབ། ནད་པ་མང་པའི་དཀའ་ངལ་དེ་དག་ཁྱད་གསོད་བྱས་པའི་འབྲས་བུ་ནད་པ་བརྒྱ་ཆ་བརྒྱ་ཐམ་པ་དེ་དྲག་སྐྱེད་བྱུང་བ་རེད།   །ངས་དྲན་སོས་པར་ཐེངས་གཅིག་ལ།   ངའི་ནང་ལ་ཕྲུ་གུ་ཆུང་ཆུང་གཉིས།  ཆེན་པོ་གསུམ་ཡོད།  ང་དང་ངའི་ཤ་ཉེ། སྲིང་མོ་གསུམ་སིབ་ནད་ཕོག་ཅིང་ཅུང་ཟད་ཐུ་མོ་བྱུང་།  ཕྲུ་གུ་ཆུང་ཆུང་གཉིས་ལ་ནད་ཐུ་མོ་བྱུང་མ་སོང་།   ཐེངས་གཅིག་ཁ་བ་ཆེན་པོ་ཞིག་བབས་ཡོད་པའི་དུས་ཤིག་ལ་དགོང་མོར་རྒྱ་སྨན་པ་ང་ཚོའི་ནང་ལ་ཡོད་སྐབས།  གློ་བུར་ང་ཚོའི་ལུང་པའི་ཕུ་ན་ཡོད་པའི་དུད་ཚང་གཅིག་གི་བུ་མོ་ན་གཞོན་ལོ་ཉི་ཤུ་ཙམ་ཟིན་པ་བོ་གཅེས་མ་ཟེར་བ་ཞིག་ཡོད་པ་དེ་ལ་ཚ་བ་བརྒྱབ་ནས་ཉེན་ཁ་དང་འཕྲད་དེ་ཁོ་ཚོ་སྨན་པ་འབོད་སར་སླེབས་བྱུང་།  ཁ་བ་འབབ་བཞིན་པའི་མཚན་མོ་དེར་ཁོང་བོ་གཅེས་བལྟ་སར་ཕྱིན་སོང་།  ངའི་ཕ་མ་གཉིས་ཀྱིས་ཁོང་སྒོ་རྩར་སྐྱེལ་ནས་ཡར་ཁྱིམ་དུ་སླེབས་སྐབས།  རྒྱ་སྨན་པས་དུས་ཚོད་དམ་འཛིན་ཆེད་དུ་འགྲོ་བཞིན་གཅིན་གཏོང་ནས་ཕྱིན་སོང་ཟེར་ཁོང་གཉིས་ལབ་གླེང་བྱེད་པར་ཐོས།  ཡིན་ནའང་ཁོང་གིས་དཀའ་ལས་བརྒྱབ་པའི་འབྲས་བུར་ང་ཚོའི་ལུང་པ་ལ་ནད་པ་གཅིག་ཀྱང་ཤི་ཤོར་ཡོད་བ་མ་རེད།   


    འོན་ཀྱང་དཔའ་སྨད་རུ་ཁག་ལ་དེ་ལྟ་བུའི་ལམ་འགྲོ་བྱུང་མ་སོང་།   ཡུལ་དེར་རྫོང་ནས་རོགས་སྐྱོར་ཕེབས་པའི་སྨན་པའི་དཔུང་སྡེ་ཡོད་ཀྱང་།  ཁོ་ཚོའི་རུ་ཁག་གི་ནད་པ་དེ་ང་ཚོའི་རུ་ཁག་ལས་ཅུང་ཟད་ཉུང་བ་རེད།  ཕལ་ཆེར་བཞི་བཅུ་ལྔ་ཅུ་ཙམ་ཡིན་ཚོད་རེད།   འོན་ཀྱང་མི་བཅུ་གསུམ་ཐམ་པ་ཤི་སོང་།  སྤྱིར་ནད་པའི་གྲངས་ཀ་དང་བསྟུན་ན་ནད་པའི་ཤི་གྲངས་ཧ་ཅང་མཐོན་པོ་རེད།   སྐབས་དེར་ང་ཚོའི་སྨན་རིན་ཚང་མ་ཆག་ཡང་(免费)རེད།  ནད་པ་ཚང་མས་སྨན་རིན་སྐར་མ་གཅིག་སྤྲད་དགོས་མ་སོང་།  །

གཉིས།    ཁོང་གི་དམིགས་བསལ་གྱི་ཕྱག་ལེན།

    སྐབས་དེར་ཁོང་གིས་བེད་སྤྱོད་གཏོང་བའི་སྨན་རྫས་གཙོ་བོ་དེ་ཆིང་མེ་སུ་(青霉素)དང་།  ནེའུ་མེ་སུ(链霉素)།  པན་ལན་ཀན་(板蓝根)ཟེར་བ་དེ་ཚོ་ཡིན་པ་ངས་རྗེས་སུ་ཤེས་བྱུང་།   སྤྱི་ལོ་1975ལོར་དཔལ་སྤུངས་མཉམ་འབྲེལ་སྨན་ཁང་བཙུགས་ཤིང་།  ང་ནི་ཁོང་གི་དགེ་ཕྲུག་ཅིག་གྱུར་པ་རེད།  ངས་ཕྱི་ལུགས་གསོ་རིག་གི་རྒྱུན་ཤེས་མདོར་བསྡུས་ཙམ་ཁོང་གི་མདུན་ནས་སྦྱངས་པ་ཡིན།   སྤྱི་ལོ་1977ལོར་ཚེ་སྤྲུ་སྡེ་པའི་ནང་དུ་སིབ་ནད་བྱུང་སྐབས་ང་དེར་སྨན་པ་བཏང་བྱུང་།   སྐབས་དེར་ཁོང་གིས་ང་ལ་གོང་གསལ་གྱི་སྨན་དེ་དག་བེད་སྤྱོད་བྱེད་སྟངས་བསླབས་ནས་སིབ་ནད་བཅོས་སར་མངགས་བྱུང་།   ངས་ཀྱང་ཁོང་གིས་གསུང་པ་ལྟར་ལག་ལེན་བྱས་ཏེ་ཧུར་ཐག་གིས་ནད་པ་བཅོས་པས་ནད་པ་གཅིག་ཀྱང་ཤི་མ་ཤོར།  ལུང་པ་དེའི་ནང་དུད་ཚང་ཞིག་ཡོད་པའི་སྐྱེས་པ་དེ་དམར་ཏོ་ཟེར། ཁོའི་འདུག་རོགས་དེ་ང་ལས་ལོ་བཞི་ལྔ་ཙམ་ཆེ་བ་ཞིག་རེད།  དམར་ཏོ་ཟེར་བ་དེ་ངེད་ཚང་གི་ཉེ་བ་ཞིག་རེད།   བཟའ་མི་གཉིས་ལ་ཕྲུ་གུ་དྲུག་བཅས་བསྡོམས་པས་བཟའ་མི་བརྒྱད་ཡོད་པར་ཁོ་རང་གཅིག་པུ་མ་གཏོགས་གཞན་ཚང་མ་ལ་སིབ་ནད་འགོས་འདུག  །དེའི་འཁྲིས་ལ་ཁལ་པ་ཚང་ཟེར་བའི་དུད་ཚང་ཞིག་ཡོད་པ་དེའི་ནང་གི་རྒན་མོ་ཞིག་ཀྱང་སིབ་ན་འདུག་ཀྱང་ཐུ་མོ་བྱུང་མ་སོང་།  ང་གྲོང་དེར་ཉིན་བདུན་བརྒྱད་ཙམ་ཞིག་བསྡད།  ཉིན་མོར་སྨན་ཁབ་རྒྱེབ་རྒྱུ་དང་། སྨན་གཏོང་རྒྱུ་སོགས་སྨན་པའི་ལས་ཀ་བྱས།  ཞོགས་པ་སྔ་མོ་ཁོ་ཚོའི་ཕྱུགས་ཟོག་རྣམས་རི་ལ་སྐྱེལ་ཞིང་།  ཕྱི་དྲོ་རི་འགོ་ནས་ཕྱུགས་ཟོག་མར་དེད་སར་སོང་པ་ཡིན། མ་གཞི་ཁོང་ཚོ་རིའི་སྐེད་ཅིག་བསྡད་ཡོད་སྟབས་རི་འགོར་འགྲོ་ཡས་ལ་མཐོན་པོ་ཞེ་དྲག་མ་རེད།   

རྒྱ་སྨན་པས་ང་ཚོའི་ལུང་པ་ལ་བཅོས་ཐབས་ལག་ལེན་གཉིས་པ་དེ་སིབ་ནད་དྲག་སྐྱེད་བྱུང་མ་ཐག་པའི་ནད་པ་དེའི་ཁྲག་འཐེན་ནས་ན་བཞིན་པའི་ནད་པ་རྣམས་ལ་བརྒྱབ་སོང་།    ང་དང་ངའི་སྤུན་ཆུང་བ་གཉིས་ལའང་ངའི་སྲིང་མོ་དེ་སིབ་ནད་ལས་དྲག་སྐྱེད་བྱུང་མ་ཐག་པའི་ཁྲག་འཐེན་ནས་བརྒྱབ་བྱུང་།  ཁྲག་དེ་ཁྲག་རྩའི་ནང་རྒྱེབ་ཅིང་མི་འདུག  །ཤ་སྣག་ཐོག་རྒྱེབ་ཅིང་འདུག  །ང་ལ་ཨོང་མགོའི་ཤ་སྣག་ལ་ཁྲག་ཁབ་རྒྱེབ་སྐབས་ཧ་ཅང་བཟོད་དཀའ་བའི་ཚ་ཟུག་ཅིག་བྱུང་བ་ནི་ཧ་ལམ་ཨོང་ཤ་གྲི་ཡིས་བཅད་པ་ལྟ་བུའི་ཚ་ཟུག་ཅིག་བྱུང་།   སིབ་ནད་ན་བའི་ནད་པ་དྲག་སྐྱེད་བྱུང་མ་ཐག་པའི་ཁྲག་དེ་སིབ་ནད་ཀྱི་གཉེན་པོར་  (抗体)གྱུར་པས་ནད་པའི་ལུས་ལ་སིབ་ནད་ཀྱི་ནུས་པ་བཅོམ་བྱེད་དུ་འགྱུར་ཞིང་ཡོད་པ་རྗེས་སུ་ཤེས་བྱུང་།   །

 

ཉིན་ཤས་སྔོན་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་ཝུ་ཧན་ལ་ནད་པ་དྲག་སྐྱེད་བྱུང་བའི་ཁྲག་འཐེན་ནས་ནད་པ་གཞན་ལ་ཁྲག་ཁབ་བརྒྱབ་ན་ཕན་ནུས་ཡོད་པའི་སྐོར་དྲིལ་བསྒྲགས་བྱུང་བའི་རྗེས་སུ་སྐད་འཕྲིན་ཐོག་ཏུ་བོད་སྨན་པ་འགའ་ཤས་ཀྱིས་ཐབས་དེ་གསར་རྙེད་བྱུང་བའི་བཅོས་ཐབས་གསར་པ་ཞིག་ཡིན་མིན་སྐོར་ལ་བགྲོ་གླེང་གནང་ཞིང་འདུག  །འདི་ནི་ཕྱི་ལུགས་གསོ་རིག་གི་སྔར་ནས་བེད་སྤྱོད་གནང་བའི་བཅོས་ཐབས་ཤིག་ཡིན་པ་ལས་ཐེངས་འདི་གསར་རྙེད་ཞིག་མ་རེད།   དུས་ཚོད་ག་དུས་བེད་སྤྱོད་བྱས་ཡོད་པ་གསལ་པོར་མི་ཤེས་ཀྱང་།  གང་ལྟར་ངའི་ལུས་ལ་བེད་སྤྱོད་བྱེད་མྱོང་བ་མ་ཟད་ང་ལ་ཁྲག་ཁབ་རྒྱེབ་མཁན་གྱི་སྨན་པ་དེའང་ད་ལྟར་དགུང་ལོ་བརྒྱད་བཅུ་གྱ་གྲངས་ཤིག་ཡིན་པ་ད་ལྟར་ཁྲེན་ཏུར་བཞུགས་ཡོད་པ་རེད།   ཉིན་ཤས་སྔོན་ང་དང་ཁ་པར་བརྒྱུད་ནས་འབྲེལ་བ་བྱུང་སོང་། སྔོན་གྱི་དུས་སུ་གསར་འགྱུར་མོལ་ཐིག་(新闻媒体)རྣམས་ལ་བརྒྱུད་བསྒྲགས་ཀྱི་ཐབས་ལམ་དེ་དེང་དུས་ནང་བཞིན་སྣེ་གྲངས་མང་པོ་མེད་སྟབས་གནས་ཚུལ་མང་པོ་ཞིག་ཡོངས་ཁྱབ་ཏུ་ཁྱབ་བསྒྲགས་བྱུང་ཐུབ་མེད།  དེང་སང་མི་སོ་སོའི་ལག་ཏུ་ཡོད་པའི་ཁ་པར་འདི་བརྒྱུད་ནས་“མོལ་ཐིག་”རྣམས་ཀྱིས་བཏང་བའི་གསར་འགྱུར་གང་བྱུང་འཕྲལ་དུ་ཤེས་ཐུབ་པའི་མཐུན་རྐྱེན་འདི་བྱུང་བ་རེད།།

ཁ་སང་དགོང་མོར་ངས་ཁྲེན་སྨན་པ་ལ་ཁོང་གི་སྲས་ཨ་དགའ་བརྒྱུད་ནས་ཁ་པར་ནང་འབྲེལ་བ་ཞུས་ནས་སྐབས་དེར་ནད་བཅོས་བྱེད་ཐབས་ཀྱི་ཐུན་མོང་མ་ཡིན་པའི་ལག་ལེན་གང་ཡོད་སྐོར་ལ་བཀའ་འདྲི་ཞུས་པ་ཡིན།  ཁོང་གིས་ལན་གསུང་པའི་རྒྱ་ཡིག་དེ་ཨ་དགའས་སྐད་འཕྲིན་བརྒྱུད་ནས་ང་ལ་བཏང་བྱུང་།  ངས་རྒྱ་ཡིག་གི་མ་དཔེ་དེ་ལ་བཅས་བཅོས་གང་ཡང་མེད་པ་རང་སོར་བཞག་ནས་འདིར་བཏང་ཡོད་པ་ཚང་མས་དཔྱད་གཞི་གནང་རོགས།  མ་འོངས་པར་བོད་སྨན་པ་རྣམས་ལ་ཕན་ཐོགས་པའི་རེ་བ་ཡོད།   

ཅེས་པ་བོད་ཀྱི་གསོ་རིག་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་བོད་ཀྱི་ཡུལ་དུ་སིབ་ནད་བྱུང་ཚུལ་རང་གིས་མཐོང་ཐོས་མྱོང་གསུམ་བྱུང་བའི་སྐོར་རྣམས་མདོར་བསྡུས་ནས་དཔྱད་གཞིའི་ཆེད་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས།  སྤྱི་ལོ་2020 ལོའི་ཟླ་བ་2པའི་ཚེས་20ཉིན་སྤྲིངས། །

 


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1