ཕྱི་ནང་གིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་བདེན་མེད་སྒྱུ་མ་ལྟ་བུ་ཚད་མས་གྲུབ་པའི་དོན་དུ་ཡོད་ཀྱང་། སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་ནི་ཀུན་ཉོན་དང་རྣམ་བྱང་གི་ཕུང་སོགས་ཀྱི་ཆོས་ལ་སྒྲོ་བཏགས་པ་ཙམ་ཡིན་པས་ཐ་སྙད་ཀུན་རྫོབ་ཏུ་ཡང་མེད་དེ། དཔེར་ན་ཐག་ཁྲ་ལ་བཏགས་པའི་སྦྲུལ་དེ་ཐ་སྙད་དུ་ཡང་མེད་པ་བཞིན་ཡིན་པས་སོ།།
ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་དག་མེད་ན། དོན་དམ་སྟོང་ཉིད་ལ་སྟོང་གཞི་མེད་པ་དང་། བདག་དང་བདེན་གྲུབ་འདོགས་པའི་གཞི་མེད་པ་དང་། འཁོར་བ་འཆིང་བའི་གཞི་མེད་པ་དང་། མྱང་འདས་གྲོལ་བའི་གཞི་མེད་པ་ཐལ་བ་སོགས་ཀྱི་སྐྱོན་གནས་ལ། འཁོར་བར་འཆིང་བའི་ཚེ་མ་རིག་པ་སོགས་ཀུན་ཉོན་གྱི་ཆོས་འདི་ལས་གཞན་འཆིང་བ་པོ་གང་ཟག་ཅིག་མེད་པས། ལམ་དུས་སུ་སྙིང་རྗེ་བསྒོམ་པའི་ཚེ་ན་ཡང་དམིགས་པ་སྣང་ལ་རང་བཞིན་དུ་མ་གྲུབ་པའི་མ་དག་འཁོར་བའི་ཆོས་ལ་དམིགས་ནས། རྣམ་པ་ཟག་བཅས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་པའི་ཚུལ་གྱིས་བསྒོམ་དགོས།
དེས་ན་ཞྭ་སེར་མཁན་པོས། གཞིའི་སྐབས་སུ་ཕུང་པོ་ལ་བརྟེན་ནས་བཏགས་པའི་བེམ་ཤེས་གང་ཡང་མིན་པའི་གང་ཟག་ཅིག་ཁས་བླངས་ནས། ལམ་གྱི་དུས་སུ་སྙིང་རྗེ་བསྒོམ་ཞིང་གཞན་ལ་བཤད་པ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བ་བསྒོམ་པའི་ཚེ་དགག་བྱ་བདེན་གྲུབ་ཁེགས་ཙམ་གྱི་མེད་དགག་རྐྱང་པ་ལ་བློ་གཏད་ནས་རང་གིས་བསྒོམས་པ་མ་ཟད་གཞན་ལ་ཡང་བཤད་པ་འདི་དག་ལ་བལྟས་ན། ཞྭ་སེར་རྗེས་འབྲང་དང་བཅས་པའི་རྒྱུད་ཀྱི་ཐབས་དང་ཤེས་རབ་དེ་དག་སྒྲོ་བཏགས་དང་དངོས་མེད་ཡུལ་དུ་བྱེད་པའི་དགེ་ཚོགས་ཀྱི་ལམ་ཡིན་པས་མ་འོངས་པ་དུས་ནམ་ཞིག་གི་ཚེ་ན། ཁོང་དཔོན་སློབ་འཁོར་དང་བཅས་པ་སངས་རྒྱས་དང་བྱང་སེམས། ཉན་ཐོས་དང་རང་རྒྱལ་གཞན་སུ་གཅིག་མེད་པའི་སྒྲོ་བཏགས་དང་དངོས་མེད་ཀྱི་དག་ཞིང་གསར་པ་ཞིག་ལ་སྟོང་ཉིད་མེད་དགག་དང་གང་ཟག་སྒྲོ་བཏགས་མངོན་དུ་བྱེད་པའི་ཆོས་སྐུ་མངོན་པ་རྫོགས་པར་འཚང་རྒྱ་བའོ།།
དེང་སང་གི་མཁས་པ་མིང་གྲགས་ཅན་ཚ་བ་མདའ་སྨྱུག་གིས། གང་ཟག་ཡོད་པ་མྱོང་བ་མངོན་སུམ་གྱིས་གྲུབ་པ་ཡིན་པས་ནང་པ་སངས་རྒྱས་པ་རྣམས་ཀྱིས་གང་ཟག་ཡོད་མེད་དཔྱོད་ཁུལ་བྱེད་པ་ནི་དོན་མེད་པའི་བྱ་སྤྱོད་ཡིན་ཞེས་ཟེར། གང་ཟག་མངོན་སུམ་གྱིས་གྲུབ་ན། རང་རིག་མངོན་སུམ་གྱིས་མྱོང་བས་གྲུབ་བམ། དོན་རིག་མངོན་སུམ་གྱིས་མཐོང་བས་གྲུབ། དང་པོ་ལྟར་ན་གང་ཟག་ཤེས་པ་འགྱུར་ལ། གཉིས་པ་ལྟར་ན་གང་ཟག་བེམ་པོ་ཡིན་པ་འགྱུར་བས་བེམ་ཤེས་གང་ཡང་མིན་པའི་གང་ཟག་ཅིག་མངོན་སུམ་གྱིས་གྲུབ་དོན་ཡིན་པ་ག་ལ་འཐད། ད་སྐབས་ཚ་བ་སྒང་ལ་སྔ་ན་མེད་པའི་སྨྱུག་འཆོག་པོ་ཞིག་གསར་དུ་སྐྱེས་ཡོད་པ་འདིའི་རྟགས་མཚན་ནི། དྲང་པོ་མེད་པའི་མི་རྣམས་ཀྱིས་དྲང་སྲོང་ཐུབ་པ་ཆེན་པོ་ལ་སྐྱོན་འཁྱོག་བརྗོད་བྱེད་པའི་ལྟས་ངན་ཡིན། བཀའ་དང་བསྟན་བཅོས་རྣམས་ལས་སྟོང་ཉིད་མ་ཡིན་པའི་ཆོས་འགའ་ཡང་མེད་ཞེས་དང་། རྟེན་འབྲེལ་མ་ཡིན་པའི་ཆོས་འགའ་ཡང་མེད་ཅེས་སྟོང་དང་རྟེན་འབྲེལ་དོན་གཅིག་སའི་གཞི་དེ་ཡང་ཆོས་ལས་གཞན་མ་གསུངས་པས། གང་ཟག་རྟེན་འབྲེལ་མིན་པ་གྲུབ་ལ། སྡུག་བསྔལ་ཅན་དང་། ཚོར་བ་ཅན། སེམས་ཅན། སྐྱོན་ཅན། ཡོན་ཏན་ཅན། འདོད་ཆགས་ཅན། སྙིང་རྗེ་ཅན་ལ་སོགས་པའི་ཅན་སྒྲ་འཇུག་པའི་ཡུལ་དང་། དེ་བཞིན་དུ་ཆོས་འཁོར་སྐོར་མཁན་དང་། བསྟན་བཅོས་བརྩམས་མཁན། ལས་བསག་མཁན། རྣམ་སྨིན་མྱོང་མཁན་ལྟ་བུ་མཁན་གྱི་སྒྲ་འཇུག་སའི་ཡུལ་དང་། མཁས་པ་དང་། ཆོས་པ་ལྟ་བུ་བདག་སྒྲ་འཇུག་སའི་ཡུལ་དེ་དག་ཀྱང་། གང་ཟག་ཏུ་གདགས་པའི་གཞི་ཕུང་སོགས་ཀྱི་ཆོས་ཙམ་ལ་འཇུག་རྒྱུ་བྱེད་དགོས་པ་ཡིན་གྱི། སྒྲ་དེ་དག་འཇུག་པའི་ཡུལ་དུ་གྱུར་པའི་གང་ཟག་ཅིག་ཁས་བླངས་ན་ལྷན་སྐྱེས་ཀྱི་བློ་འཁྲུལ་བའི་ངོར་སྟབས་བདེ་བ་དང་། བརྡ་སྤྲོད་ཀྱི་གཞུང་དང་དོན་མཐུན་པ་ལྟ་བུ་ཞིག་ཡིན་ཡང་། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་མ་ཡིན་ཏེ། བེམ་ཤེས་གང་ཡང་མིན་པའི་ལྡན་མིན་འདུ་བྱེད་ཀྱི་དངོས་པོ་དང་རྟག་པའི་དངོས་པོ་འདོད་པ་ནི། གྲུབ་མཐའ་དམན་པ་བ་རྣམས་ཀྱིས་རྟོག་བཏགས་བྱས་པའི་དོན་ཡིན་པས་ཆོས་རྗེ་ས་པཎ་སོགས་མཁས་པ་ཆེན་པོ་རྣམས་ཀྱིས་སྔར་ནས་བཀག་ཟིན་པས་སོ།། པཎ་ཆེན་ཤཱཀ་མཆོག་པས་གང་ཟག་ཐ་སྙད་དུ་ཡང་མེད་གསུངས་པ་འདི་ཤིན་ཏུ་གནད་ཆེ་བའི་གདམས་ངག་ཡིན་པས་ཐར་བ་དོན་གཉེར་ཅན་ཀུན་གྱིས་སེམས་ལ་མ་འཛིན་ན་ཐར་བའི་ལམ་ནོར་ཉེས་ཤིན་ཏུ་ཆེའོ།།
བརྩེ་བའི་དྲྭ་གྲོགས་རྣམ་པ་ལགས།
འཛམ་གླིང་ན་མཚན་སྙན་གཡུ་འབྲུག་ལྟར་གྲགས་སོང་བའི་མཁས་དབང་རྣམས་དང་། གཞན་ཡང་རྫོང་སར་སློབ་གླིང་ནས་གཞུང་ཆེན་ཁག་ཐོས་བསམ་གྱི་བྱ་བས་མཐར་ཕྱིན་ཟིན་པའི་ཚ་བ་མདའ་སྨྱུག་གམ་བློ་གྲོས་དཔལ་ལྡན་སོགས་དང་། རང་གི་མདུན་ལམ་ལ་གཅེས་སྤྲས་གནང་བའི་སློབ་བུ་ཡོངས་ཀྱི་རྩོམ་རྩལ་ལམ་སྙན་རྩོམ་ལ་བྲོ་བ་མྱོང་རྒྱུ་དང་བཀའ་སློབ་གསན་པར་རེ་བ་དང་འདུན་པ་ཡོད་མཁན་ཚོ་དང་། རང་བྱུང་གི་འཇིག་རྟེན་ཆེན་པོས་ཁྱེད་ཅག་ལ་གནང་བའི་ཚོར་བ་གསོན་པོ་སྨྱུག་རྩེ་ལ་བཅོལ་ཞིང་། དགའ་སྐྱོ་གང་བྱུང་ཤོག་བུ་ལ་ལབ་གླེང་བྱེད་པའི་རྩོམ་པ་པོ་རྣམ་པ་ལགས། ཁྱེད་ཅག་གིས་བྲིས་པའི་སྙན་རྩོམ་གྱི་རིགས་གང་ཞིག་ཡིན་ཡང་ངེད་【རྩོམ་རིག་དགའ་ཚལ་】སྤྱི་སྟེགས་ཆེན་མོ་ནས་སོ་སོའི་སྙན་ངག་ཉར་ཚགས་བདེ་བ་དང་ན་ཚོད་མཉམ་པའི་གྲོགས་པོ་དག་ལ་ལེགས་སྐྱེས་འབུལ་བདེ་བའི་ཕྱིར་དྲྭ་ལམ་ན་ཁྱབ་སྤེལ་གང་ཐུབ་བྱེད་བཞིན་ཡོད་པས་སྐུ་ཉིད་འཕྲིན་སྟེགས་འདིར་ཕེབས་པར་བཀའ་དྲིན་ཆེ།