མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་དེང་རབས་ཅན་འཛུགས་སྐྲུན་གང་ཐུབ་བྱེད་དགོས།

ཞི་ཅིན་ཕིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-30


དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་པ་སྤེལ་ཞིང་། དེའི་ནང་དོན་ནི་གནས་བབ་གསར་པའི་འོག་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་བརྗོད་གཞིར་ཐུན་མོང་སློབ་སྦྱོང་ཐེངས་གཉིས་སྤེལ་བ་དང་འདི་ནི་ཐེངས་གསུམ་པ་ཡིན། ཐེངས་འདིའི་སློབ་སྦྱོང་བཀོད་སྒྲིག་གི་དམིགས་ཡུལ་ནི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བཏོན་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པ་བྱས་ཏེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།


 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེ་ཉིད་ལས་དོན་ཧྲིལ་པོའི་མངོན་གསལ་དོད་པའི་གོ་གནས་སུ་བཞག་པ་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པའི་ཁྲོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་དེའི་ནང་གསེས་ཤིག་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་དེའི་ནང་གསེས་ཤིག་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་ལྗང་མདོག་ནི་དེའི་ནང་གསེས་ཤིག་ཡིན་པ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ནང་སྦགས་བཙོག་འགོག་བཅོས་བྱ་རྒྱུ་ནི་དེའི་ནང་གསེས་ཤིག་ཡིན་པ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་འབེན་ཁྲོད་མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་དེའི་ནང་གསེས་ཤིག་ཡིན་པ་བཅས་རེད། འདིའི་ཐོག་ནས་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་གོ་གནས་གལ་ཆེན་གསལ་སྟོན་བྱས་ཡོད།


 ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་པ། རི་ཆུ་ནགས་གསུམ་དང་། ཞིང་ལས། མཚོ་དང་མཚེའུ། བྱེ་མ་བཅས་གཅིག་གྱུར་ཐོག་བཅོས་སྐྱོང་བྱས་ཏེ། རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་རྒྱང་རིང་བའི་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ཞིང་། ཆོད་སེམས་ཆེ་བ་དང་། ཤུགས་ཚད་ཆེ་བ། ཕན་འབྲས་ཆེ་བ་བཅས་སྔར་བྱུང་མྱོང་མེད་པ་ཐོབ་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ངོས་འཛིན་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ངས་སྔ་རྗེས་སུ་ཀན་སུའུ་ཡི་མདོ་ལ་རིང་མོའི་སྐྱེ་ཁམས་གཏོར་བརླག་དང་། ཧྲའན་ཞི་ཆིན་ལིང་གི་བྱང་འདབས་སུ་གཞིས་ཁྱིམ་བསྐྲུན་པ། མཚོ་སྔོན་གྱི་མུའུ་ལི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་སྔོག་འདོན་བྱེད་པ་སོགས་དཔེ་མཚོན་གྱོད་དཔེ་ལ་སློབ་གསོ་གནང་བ་དང་། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་འགན་ཤོར་ལས་འཛོལ་མི་སྣ་སྐོར་ཞིག་རྩད་ཞིབ་ཐག་གཅོད་ནན་མོ་དང་འགན་འཁྲི་རྩད་གཅོད་བྱས་ཡོད། ལོ་9ཡི་རིང་ལ། དགུང་སྔོན་སྤྲིན་དཀར་བསྐྱར་དུ་མངོན་པ་དང་། ལྗང་མདོག་གི་མངའ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ། ལྗང་མདོག་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་སོང་བ། ནུས་ཁུངས་ཟད་གྲོན་ཟམ་མི་འཆད་པར་ཆག་པ། སྨུག་རྡུལ་ཚབས་ཆེན་ཚོད་འཛིན་ནུས་ལྡན་བྱས་པ། བཙོག་ཆུ་ཉུང་དུ་མངོན་གསལ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྔར་བས་གནས་འཕྲོད་ཐུབ་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཐུབ་པ་བཅས་བྱུང་ཡོད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་དུ་གྱུར། ཨ་རིའི་མཁའ་སྐྱོད་ཅུས་ཀྱི་འཁོར་སྐར་གཞི་གྲངས་ལྟར་ན། 2000ལོ་ནས་2017ལོའི་བར་གསར་འཕར་བྱུང་བའི་གོ་ལ་ཧྲིལ་པོའི་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་ལས་བཞི་ཆ་གཅིག་ལྷག་ཙམ་ཀྲུང་གོ་ནས་ཐོན་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་འཕེལ་རིམ་ལ་སྣེ་ཁྲིད་བྱས་ནས་《ཕ་རི་སིའི་གྲོས་ཆིངས་》ལ་མིང་རྟགས་བཀོད་པ་དང་། ནུས་པ་ཐོན་པ། ལག་ལེན་བསྟར་བ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་2030ལོའི་སྔོན་ལ་དབྱང་གཉིས་ཐཱན་རྫས་འབུད་ཚད་མཐོ་ཤོས་སུ་སླེབས་པ་དང་2060ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་མངོན་འགྱུར་ཐུབ་པ་ཁྱབ་བསྒྲགས་བྱས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཆེར་ཐོབ་ཡོད།


 ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་བ་ལྟར་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རྩོད་སྒྲུབ་གཅིག་གྱུར་དང་གཅིག་རམ་གཅིག་འདེགས་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དེས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། སྤུས་ཚད་དེ་བས་མཐོན་པོ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཐུབ་པ་དང་། བདེ་འཇགས་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ།


 སྐྱེ་ཁམས་ཁོར་ཡུག་ཉམས་གསོ་དང་ལེགས་བཅོས་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བརྒྱུད་རིམ་ཞིག་ཡིན་པས། བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པར། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་སྟོབས་ཆེར་སྐྱེད་བྱེད་དགོས། མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་བཞིན་འགལ་བ་དང་འགྲན་སློང་མང་པོ་ལྷགས་ཡོད། སྐྱེ་ཁམས་ཁོར་ཡུག་བརྟན་ལྷིང་དང་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་དུང་བརྟན་པོ་མིན། གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བར་ད་དུང་སླེབས་མེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ཅུང་ཆེན་པོ་ཡོད། རང་རྒྱལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་གོ་རིམ་ཞིག་དགོས། སྲོལ་རྒྱུན་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་སྔར་བཞིན་ཅུང་མཐོ་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་། ལག་རྩལ་མཐོ་བའི་ཐོན་ལས་ད་དུང་དཔལ་འབྱོར་འཕར་སྣོན་ཡོང་བའི་གཙོ་ཁྲིད་སྟོབས་ཤུགས་སུ་གྱུར་མེད་པ། ནུས་ཁུངས་གྲུབ་ཚུལ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་མེད་པ། གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས་ཀྱི་སྦགས་བཙོག་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་མེད་པ། ཐཱན་རྩེར་སོན་དང་། ཐཱན་སྙོམ་སྦྱོར་གྱི་ལས་འགན་དཀའ་ཚེགས་ཆེ་བ། ཐོན་ཁུངས་ཁོར་ཡུག་གིས་འཕེལ་རྒྱས་ལ་ཐེབས་པའི་གནོན་ཤུགས་ཇེ་ཆེ་ཡིན་པ་བཅས་རེད། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་རླབས་རྒྱུན་གྱི་ཁ་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཡིན་པ་དང་ལྗང་མདོག་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་ཐོན་ལས་འགྲན་རྩོད་ཀྱི་མཐོ་གནོན་བཙན་ས་ཞིག་ཏུ་གྱུར་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་རང་རྒྱལ་ལ་“ཁོར་ཡུག་གི་མིང་ཐོག་ནས་”ཕྱོགས་མང་པོའི་ཐད་རང་རྒྱལ་ལ་གནོན་ཤུགས་སྤྲད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམིགས་པའི་རྒྱལ་ཁབ་ཆེན་པོའི་འཐབ་རྩོད་ཧ་ཅང་ཛ་དྲག་ཆེན་པོ་ཡོད།


 ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པར་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཡོད་ཅིང་། དེའི་ནང་གསེས་ཤིག་ནི་རང་རྒྱལ་གྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་དེང་རབས་ཅན་ཡིན་པས། དངོས་པོའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་དོ་སྣང་བྱེད་དགོས་ཞེས་ནན་བཤད་བྱས་པ་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཉུང་གཏོང་བྱ་རྒྱུ་དེ་གཙོ་གནད་འཐབ་ཇུས་ཀྱི་ཁ་ཕྱོགས་སུ་འཛིན་པ་དང་། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་མཉམ་དུ་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བར་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་མཐོ་ཚད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་འགོད་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ། གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་ཆགས་སྟངས་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་བྱེད་པ་དང་། སྦགས་བཙོག་བཅོས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་དེང་རབས་ཅན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།


 དང་པོ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནི་མཐར་གཏུགས་ནས་བཤད་ན་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་གནད་དོན་ཡིན་ཞེས་ངས་ཐེངས་མང་ནན་བཤད་བྱས། ལྗང་མདོག་ཐཱན་ཉུང་རྒྱུན་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཡིན། ཟླ་3ཚེས་15ཉིན། ངས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་བྱས་ཏེ། ཐཱན་རྩེར་སོན་དང་། ཐཱན་སྙོམ་སྦྱོར་མངོན་འགྱུར་ཡོང་བའི་གཞི་རྩའི་བསམ་ཕྱོགས་དང་བྱེད་ཐབས་གལ་ཆེན་བཅས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་ཡིན། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སུ་བསྒྱུར་བ་སྐུལ་འདེད་གཏོང་བའི་སྤྱིའི་འཛིན་སྤྱད་དུ་བརྩིས་ནས་ཐོན་ལས་ཀྱི་གྲུབ་ཚུལ་དང་། ནུས་ཁུངས་ཀྱི་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཚུལ། ས་ཆའི་གྲུབ་ཚུལ་བཅས་ལེགས་སྒྲིག་བྱེད་པར་མགྱོགས་སུ་སྐུལ་འདེད་གཏོང་དགོས། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་སོགས་ཀྱི་བར་སྟོང་དོ་དམ་དང་ཚོད་འཛིན་གྱི་མཐའ་མཚམས་བཅས་དོན་འཁྱོལ་བྱེད་པ། བྱེད་པོའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་ལག་ལེན་བསྟར་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དབྱེ་འབྱེད་དང་ནན་སྲུང་བཅས་བྱེད་དགོས། ཐོན་ཁུངས་བེད་སྤྱོད་པའི་འབྱུང་རྩ་འདི་དམ་འཛིན་བྱས་ཏེ། ཐོན་ཁུངས་བསྡོམས་འབོར་ལ་དོ་དམ་དང་། ཚན་རིག་དང་མཐུན་པར་བཀོད་སྒྲིག། ཕྱོགས་ཡོངས་ནས་གྲོན་ཆུང་། རྒྱུན་འཁོར་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཐོན་ཁུངས་བེད་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་འགག་རྩ་འདི་དམ་འཛིན་བྱས་ཏེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་། ལག་རྩལ་མཐོ་བའི་ཐོན་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་དང་། ནུས་ཁུངས་གཙང་མ་དང་ཐཱན་ཉུང་བདེ་འཇགས་དང་ལས་ཆོད་ཆེ་བའི་ངང་ནས་སྤྱོད་པར་སྐུལ་འདེད་བཏང་ནས། ཐཱན་འབུད་ཚད་རྒྱུན་མཐུད་ངང་དམའ་རུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚན་རྩལ་འདེགས་སྐྱོར་མི་འདང་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཐཱན་འཛིན་ལེན་དང་བེད་སྤྱོད། ཐཱན་སྡོམ་ཉར་ལག་རྩལ། ཐཱན་མེད་བཟོ་ལས་ཀྱི་བརྒྱུད་རིམ་ནང་གི་བསྐྱར་བཟོ་ལག་རྩལ་སོགས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་ལྗང་མདོག་ཐཱན་ཉུང་ལག་རྩལ་གསར་གཏོད་གྲུབ་འབྲས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས། ལྗང་མདོག་དངུལ་རྩ་འཕེལ་རྒྱས་བཏང་ནས་ལྗང་མདོག་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས།


 དབྱང་གཉིས་ཐཱན་རྫས་ཕྱིར་འབུད་བྱེད་ཚད་ཉུང་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་ནི་ང་ཚོ་རང་ཉིད་ཀྱིས་བསྒྲུབ་དགོས་པ་ལས་མི་གཞན་གྱིས་བསྒྲུབ་མི་རུང་ཞེས་ངས་ནན་བཤད་ཐེངས་མང་བྱས། ཐཱན་རྩེར་སོན་དང་། ཐཱན་སྙོམ་སྦྱོར་མངོན་འགྱུར་བྱེད་པ་ནི་རང་རྒྱལ་གྱིས་འཛམ་གླིང་ལ་བཞག་པའི་བརྗིད་ཉམས་ཆེ་བའི་ཁས་ལེན་ཡིན་ཞིང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱ་ཆེ་ལ་གཏིང་ཟབ་པོ་ཞིག་ཡིན་པས་ལས་སླ་པོར་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། ད་ལྟ། སྡེ་ཚན་དང་ས་གནས་ཁ་ཤས་སུ་ནུས་ཁུངས་ཟད་གྲོན་ཆེ་བ་དང་། སྦགས་བཙོག་འབུད་ཚད་མཐོ་བའི་རྣམ་གྲངས་ལག་བསྟར་བྱེད་པའི་ངར་ཤུགས་སྔར་བཞིན་ཆེན་པོ་ཡོད། ད་ལོའི་ཟླ་དང་པོར་འཚོགས་པའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཆེད་དོན་དཔྱད་གླེང་འཛིན་གྲྭའི་ཐོག་ངས་ངོས་འཛིན་ནོར་འཁྲུལ་བརྒྱད་ལ་དོགས་ཟོན་བྱེད་དགོས་པ་ནན་བཤད་བྱས། དེའི་ནང་གི་ངོས་འཛིན་ནོར་འཁྲུལ་གཅིག་ནི་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་རྒྱལ་ནང་གི་ཚོང་ར་ཆེན་པོ་ཆགས་པའི་གོ་སྐབས་དང་བསྟུན་ནས་ནུས་ཁུངས་ཟད་གྲོན་ཆེ་བ་དང་འབུད་སྐྱུར་མང་བའི་རྣམ་གྲངས་གཉེར་གྱི་ཡོད་པ་དེ་ཡིན། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་འགག་སྒོ་ནན་སྲུང་བྱས་ནས་བླང་བྱ་དང་མི་མཐུན་པའི་རྣམ་གྲངས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་ངར་ཤུགས་ལ་བརྟེན་ནས་དུས་ཚོད་རེའུ་མིག་དང་། ལམ་རིས། ཨར་ལས་དཔེ་རིས་བཅས་ཁ་གསལ་བཟོས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ཁུངས་ནུས་ལྡན་ངང་བེད་སྤྱོད་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།


 གཉིས་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ད་ལྟ་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་རེ་བ་སྔར་བས་མཐོ་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་བཟོད་སྒོམ་བྱེད་ཚད་སྔར་བས་དམའ་བ་རེད། མི་སེར་གྱི་ཉེ་འགྲམ་དུ་ཐོན་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཅིག་སྡུད་ཐོག་འགག་སྒྲོལ་བྱས་ནས་མི་སེར་ཚོར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་སོང་བ་མིག་མཐོང་ལག་ཟིན་བྱེད་དགོས། གནད་སྨིན་བཙོག་བཅོས་དང་། ཚན་རིག་དང་མཐུན་པའི་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་དང་། ཤུགས་ཚད་རྒྱུན་འཁྱོངས། ཟབ་ཚད་སྣུར་སྲིང་། ཁྱབ་ཚད་རྒྱ་སྐྱེད་བཅས་བྱས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་དུ་ཡག་པོ་རྒྱག་དགོས། སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་ཚོད་འཛིན་དང་ས་ཁོངས་མཐུན་སྦྱོར་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྲ་རྡུལ་དང་དཀུ་དབྱང་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་རྩ་བའི་ཆར་མེད་པ་བཟོ་དགོས། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག། ཆུའི་སྐྱེ་ཁམས་བཅས་གཅིག་གྱུར་གྱིས་བཅོས་སྐྱོང་བྱེད་པ་དང་། གཙང་པོ་དང་མཚེའུ། ཆུ་མཛོད་བཅས་ཀྱི་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན། གྲོང་མིའི་འཐུང་ཆུ་ཉེན་མེད་ཡོང་བར་སྲུང་སྐྱོང་ནུས་ལྡན་བཅས་བྱས་ཏེ། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཙང་བཅོས་མཐའ་གཅིག་ཏུ་བྱེད་དགོས། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་ནས་ཞིང་སྤྱོད་ས་ཆ་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྦགས་བཙོག་གི་ཉེན་ཁ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་དགོས། གད་སྙིགས་རིགས་དབྱེ་དང་ཚད་འཕྲི་ཅན་དང་ཐོན་ཁུངས་ཅན་དུ་འགྱུར་བར་བྱེད་པ། དཀར་པོའི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན། ཉེན་ཆེའི་ཟོག་རོ་དང་སྨན་བཅོས་ཟོག་རོ་བསྡུ་རུབ་དང་གཙང་སེལ་ལ་ཤུགས་སྣོན། ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལ་མཐོང་ཆེན་བཅས་བྱེད་དགོས། སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དེ་ཞང་དང་གྲོང་རྡལ་དང་གྲོང་གསེབ་ཏུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ངོས་ཐད་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་དགོས།


 གསུམ་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མཐོར་འདེགས་གཏོང་བ། འདི་ནི་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ཇེ་མང་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། གནམ་གཤིས་འགྱུར་ལྡོག་ལས་ཤུགས་རྐྱེན་ངན་པ་འབྱུང་ཚད་དལ་དུ་གཏོང་བ་དང་དེ་ལ་འཕྲོད་པར་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན། “རྩི་ཤིང་རྒྱས་པ་རྒྱལ་ཁབ་ཕྱུག་པོའི་དོན།” སྐྱེ་ཁམས་བཟང་པོ་དེ་ཉིད་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིན་ཐང་འདུས་ཡོད། རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་མ་ལག་གི་ཁྱོན་ཡོངས་རང་བཞིན་ནས་འགོ་བཙུགས་ཏེ་རི་ཆུ་ནགས་གསུམ་དང་། ཞིང་ལས། མཚོ་དང་མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་གྱི་ཐོག་ནས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་། རྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་དེ་བས་སྣང་ཆེན་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་ནས་རང་བྱུང་སྲུང་སྐྱོབ་ཁུལ་དང་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱས་པར་ལུགས་མཐུན་གྱི་ཁེ་བཟང་སྤྲོད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བར་དེ་མཚུངས་ཀྱི་རིན་དོད་སྤྲོད་དུ་འཇོག་དགོས། ཚན་རིག་དང་མཐུན་པར་བྱེ་ཐང་ཅན་དང་བྱེ་རྡོ་ཅན་དུ་འགྱུར་བ། ས་ཆུ་ཤོར་བ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་སྤྱོད་སྤེལ་དགོས། རྩྭ་ཐང་དང་ནགས་ཚལ། ཆུ་བོ། མཚེའུ་བཅས་སོར་ཆུད་སྐྱེ་འཕེལ་བྱ་རྒྱུ་ཁྱབ་སྤེལ་གཏོང་བ་དང་། འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ། རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་འདུ་འགོད་གལ་ཆེན་ལག་ལེན་བསྟར་ནས་ཕྱི་ནས་ཡོང་བའི་སྐྱེ་དངོས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཡག་པོ་སྤེལ་དགོས།


 བཞི་པ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ནི་མིའི་རིགས་ཡོངས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་སློང་རེད། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་བྱེད་པར་ཧུར་ཐག་གིས་ཞུགས་པ་དང་། གནམ་གཤིས་འགྱུར་ལྡོག་དང་། རྒྱ་མཚོའི་སྦགས་བཙོག་བཅོས་སྐྱོང་། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པར་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ནན་ཏན་བྱས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་དུས་རིམ། ནུས་པ་བཅས་དང་འཚམ་པའི་ཁོར་ཡུག་བཅོས་སྐྱོང་གི་འོས་འགན་རང་འགུལ་ངང་འཁུར་བ་དང་། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་པ། ལམ་ལུགས་རང་བཞིན་གྱི་དབང་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འོས་འགན་དང་དབང་ཆ་དོ་སྙོམས་ཡོང་བ་བཅས་བྱས་ནས་རང་རྒྱལ་གྱི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པ་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱི་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་པ་དང་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རོགས་བྱས་ནས་ལྗང་མདོག་གི་“རྒྱུད་གཅིག་ལམ་གཅིག་”ཐུན་མོང་ཐོག་གཏོད་དགོས། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་དང་། དྲང་གཞག་གི་རྩ་དོན། རང་རང་གི་ནུས་ཚོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་རང་རྒྱལ་ལ་“གཏན་སྲོལ་”བྱ་རྒྱུའི་རེ་ངན་བཅངས་པར་ཁ་གཏད་ནུས་ལྡན་འཇལ་ནས། རང་རྒྱལ་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།


 ལྔ་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཏང་ཨུས་འགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། ཁེ་ལས་ཀྱིས་བྱེད་པོ་འཛིན་པ། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཞུགས་པ་བཅས་ཀྱི་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། གཅིག་གྱུར་ཇུས་འགོད་དང་། གཅིག་གྱུར་བཀོད་སྒྲིག། གཅིག་གྱུར་སྐུལ་འདེད། གཅིག་གྱུར་དཔྱད་ཞིབ་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་དང་ནུས་བསྲི་སྙིགས་འཕྲིའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དོ་དམ་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་མ་དངུལ་འཇོག་པའི་ནང་རྐྱེན་བརྟན་པོ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་བཙོག་འབུད་ཆོག་འཐུས་ལམ་ལུགས་ལག་བསྟར་བྱས་ཏེ། བཙོག་འབུད་དབང་ཆ་དང་། ནུས་སྤྱོད་དབང་ཆ། ཆུ་སྤྱོད་དབང་ཆ། ཐཱན་འབུད་དབང་ཆ་བཅས་ཚོང་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་བཏང་ནས། ཉེན་ཁ་དོ་དམ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལྗང་མདོག་ཤེས་དཔལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས། སྐྱེ་ཁམས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། སྟབས་བདེ་ཚད་རན་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།


 2018ལོའི་ཟླ་5ཚེས་18ཉིན་ངས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནོན་ཤུགས་རྩེག་སྣོན་དང་ཁུར་ལྗིད་མདུན་སྐྱོད་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་དང་། དེ་བས་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་གང་མང་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་རྒྱུའི་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད་ལ། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ནུས་པ་ལྡན་པའི་སྐར་ཁུང་དུས་སུའང་སླེབས་ཡོད་ཅེས་བཤད་པ་ཡིན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་བཅངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས་བཀའ་སློབ་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་རྣམས་དོན་འཁྱོལ་དང་ཕན་འབྲས་ཐོན་པ་འགན་ལེན་བྱེད་དགོས།


 དབང་ལྡན་ཚེ་རིང་གིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1