ཡ། ཧོར་སེར་གནམ་གྱི་རྒྱལ་པོ། ཡང་དགོས་དམར་ནག་བཅུ་གཉིས་ཚོ། དེ་སྔ་ཧོར་དར་མ་འབུམ་ཡན་ཆད་ལ། རང་སྡེ་མི་ལ་མ་ཤོར་མི་སྡེ་རང་གིས་མ་བཅད། མ་གཞི་རྒྱ་མོའི་དར་ལ་དཔེ་བླངས་ན། དར་ལ་རྡུལ་མ་འགོས་ལེ་བྱས་ནས་བསྡད། ད་རྒྱལ་པོ་ཨ་གནམ་གྱི་སྐུ་རིང་འདིར་འགྲན་བཙུགས་པ་ཤིན་ཏུ་མ་བྱུང་ངོ་། འགྲན་བཙུགས་ན་མི་ཕུང་རང་བརླག་ཅིག་མ་གཏོགས་ཅི་ཡང་འོང་རྒྱུ་མེད། མཐར་བསམས་ན་གྱོད་སྣ་ཆུ་ལས་རིང་བ་ཞིག་ཡོང་གི་རེད། ཟེར་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་མཁྱེན་པས་གཟིགས་དང་ཧོར་གྱི་ལྷ། །
ཐེའུ་རང་དཀར་ནག་ཁྲ་གསུམ་མཆོད། །
ལྕོག་ལྷ་མཚལ་རྩེ་ཁ་འཛིན་མཛོད། །
ས་འདིའི་ས་ངོ་མ་ཤེས་ན། །
ཧོར་གྱི་གྲོས་ར་གོང་མ་རེད། །
ང་དང་ང་ངོ་མ་ཤེས་ན། །
ཕུ་ལུང་རྡོ་རྗེའི་བྲག་སྟེང་ནས། །
མཛོ་མོ་རུ་རྫོང་མཁར་ནང་ནས། །
སྡིག་གཅོད་ཤན་པ་རྒྱལ་པོ་ཡིན། །
གྲོས་ར་རྫོང་མའི་ཡང་སྟེང་ནས། །
གུར་དཀར་རྒྱལ་པོ་གནམ་གྱི་བུ། །
ཁ་ཨོག་ཚོམ་ཤ་ལེ་གླུ་ལ་ཉོན། །
ཧོར་སེར་ད་ར་ཁ་དགུ་ནས། །
ཧོར་དར་མ་འབུམ་གྱི་ཡན་ཆད་ལ། །
མི་གཞི་མཛོ་མོའི་མར་ལ་བྱེད། །
སྐད་ཆ་རྒྱ་མོའི་དར་ལ་དཔེ། །
ཨ་ཆེན་ཐང་བ་མིག་ལྟར་སྐྱོང་། །
སྡེ་ཤོག་ཉི་ཤུ་རྩ་ལྔ་འདི། །
རང་སྡེ་གཞན་ལ་བསྐུར་རབས་མེད། །
མི་སྡེ་འཛམ་གླིང་གང་ལེ་དེ། །
ཚུར་ལ་གཅིག་ཀྱང་བླངས་རབས་མེད། །
དེ་དུས་ཧོར་སེར་སྟོད་པ་ལ། །
སྟོབས་དང་མངའ་ཐང་ཇེ་ཆེ་ཡིན། །
ཀླུང་རྟ་བསོད་ནམས་ཇེ་དར་ཡིན། །
ད་ལྟ་གུར་དཀར་སྐུ་རིང་ལ། །
དང་པོ་འཇང་ལ་འགྲས་ཡ་བཟུང་། །
འཇང་ནག་པོ་ཡུལ་ལ་མི་ཤ་བགོས། །
འཇང་བཟའ་ཡུགས་ས་ཁྱུ་གཅིག་བཟོས། །
འཇང་པ་སྨད་ཀྱི་ས་ཆ་འཕྲོགས། །
ད་རུང་ལས་སྒོ་བཅོམ་པས་ཟེར། །
ཐ་མ་ཇུས་ཀྱི་བཞག་སོ་ལ། །
ཧོར་ཤན་ཆེན་སྟོང་རྒོད་ཐིས་བཙན་དེ། །
འཇང་བློན་ཨ་ཁྲོས་བཙོན་དུ་བཟུང་། །
གཏམ་གཏམ་གླེང་གླེང་མཐའ་མ་ན། །
ཧོར་སེར་རྟ་ཁྱུ་འཇང་ལ་འཇལ། །
ཐིས་བཙན་བསླུས་ནས་ལོན་ལེ་ཡིན། །
དེ་ནས་ཧོར་སེར་སྟོད་པ་འདི། །
དང་པོ་རྒྱལ་ལ་མཐའ་མ་ཕམ། །
ལན་རྩ་རྒྱལ་པོ་ཁྱོད་རང་ཡིན། །
དེ་ནས་གླིང་ལ་འགྲན་ཡ་བཟུང་། །
ངས་ཐེངས་གསུམ་བསྐོར་རྫོགས་ཅི་འདྲ་བྱས། །
ཆགས་ཆེན་གུར་ནག་རྒྱལ་པོ་གཅིག །
སྡིག་གཅོད་ཤན་པ་རྒྱལ་པོ་གཉིས། །
རི་པའི་དཔོན་པོ་དར་འབུམ་གསུམ། །
ཧོར་གྱི་ཆགས་ཆེན་མི་གསུམ་ཡིན། །
ངེད་གསུམ་གྱིས་རྒྱལ་པོ་ཅི་ཙམ་བཤོལ། །
བཤོལ་བཤོལ་རྣ་བས་མི་ཉན་དོ། །
དང་པོ་ཐང་དམར་གོང་བ་མནན། །
དེ་ནས་རྨ་སྲིབ་ན་ཐང་སོང་། །
རྨ་ཆུ་ཁམ་པའི་ཚུར་ཁ་ནས། །
རབ་མ་ཆོད་མལ་ནས་བསྡད་པའི་དུས། །
དཔའ་རྒྱ་ཚ་ཞལ་དཀར་མན་ཆད་ནས། །
བཅོ་ལྔའི་དཔའ་གསར་ཡན་ཆད་ལ། །
སྒར་ཁྲ་ཆུང་སྤྲང་རྗེས་གཤར་གཤར་བྱས། །
གུར་སེར་ཁྲི་བཙུན་མན་ཆད་ནས། །
རྒོད་པོ་ཁྲི་བཙུན་ཡན་ཆད་ཀྱི། །
དེ་དྲག་ཧ་ལ་འཕངས་ནས་ཐལ། །
ཕར་སོང་འབུམ་དམག་བཅུ་གཉིས་དེ། །
ཚུར་འོང་ཁྲི་ཚོ་དགུ་ལ་གཏུགས། །
རྒྱལ་བློན་རྩི་རྩི་གྲངས་མེད་ནང་། །
བྲོས་ནས་ཐར་པའི་མི་མགོ་གསུམ། །
སྟོབས་ཆེན་གླང་པོ་ཁྲ་འབར་གཅིག །
པཱ་ཐུར་མཆོང་ལྷ་སྨུག་པོ་གཉིས། །
ཧོར་ཕྲུག་ག་མ་གཟིག་མགོ་གསུམ། །
བྲོས་ནས་ཐར་པའི་མི་གསུམ་ཡིན། །
རྨས་ནས་ཐར་པའི་མི་མགོ་གསུམ། །
སྡིག་གཅོད་ཤན་པ་རྒྱལ་པོ་གཅིག །
ཤེད་ཆེན་རི་བོ་པང་འཁུར་གཉིས། །
ལྕགས་ཚ་བུ་ཡི་ཁེར་སྐྱེས་གསུམ། །
རྨས་ནས་ཐར་བའི་མི་གསུམ་ཡིན། །
གབ་ནས་ཐར་པའི་མི་གསུམ་ཡོད། །
གུ་ཡང་གནམ་གྱི་རྒྱལ་པོ་གཅིག །
འབུམ་པའི་རྫོང་བཙན་བེ་རེ་གཉིས། །
མགར་བཟའ་སྟོང་ཉིད་ཆོས་སྒྲོན་གསུམ། །
གབ་ནས་ཐར་བའི་མི་གསུམ་ཡིན། །
རང་ཚོད་བཟུང་ནས་ཐར་ལེ་གསུམ། །
གུར་ནག་ཁྲི་དཔོན་སེང་རྒྱལ་གཅིག །
རི་པའི་དར་འབུམ་ཨ་བུ་གཉིས། །
མགར་བའི་ཆོས་དར་རྒྱལ་པོ་གསུམ། །
རང་ཚོད་ཟིན་པའི་མི་གསུམ་ཡིན། །
དེ་མིན་ས་ལ་བརྡབས་ནས་ཐལ། །
ཐར་བའི་མི་མགོ་དེ་དག་ཀྱང་། །
ཐར་ངེས་ཡིན་ན་མི་སྐྱོན་ཏེ། །
ད་རུང་ཅི་ཡོང་ཤེས་ལེ་མེད། །
སེང་ལྕམ་རྒྱལ་མོ་འབྲུག་མོ་དེ། །
དཔོན་ཁྲོ་ཐུང་བརྒྱུད་ནས་བཙན་གྱིས་འཕྲོགས། །
མི་འཕུང་འདྲེ་མཁན་དེ་མིན་ན་ནི། །
མེ་ཏོག་མཛེས་ཅན་ཐོབ་ལེ་མེད། །
འདི་ཡང་འབྲུག་མོ་ཧོར་སེར་ལ། །
ཐོབ་ངེས་ཡིན་ན་མི་སྐྱོན་ཏེ། །
ད་རུང་བསམ་པའི་གཞི་དཀྱིལ་ན། །
སྐྲ་བདག་སུ་ཡིན་ཤེས་ལེ་མེད། །
འགྲས་ཡ་བརྒྱ་ཡོད་སྟོང་ཡོད་ལ། །
ཁྲ་བོ་གླིང་ལ་འགྲས་ཡ་བཟུང་། །
ལུས་རོ་བརྒྱ་ཡོད་སྟོང་ཡོད་ལ། །
གྱོད་མཐའ་རིང་བ་རྒྱབ་ན་ལུས། །
དགྲ་ཡ་བརྒྱ་ཡོད་སྟོང་ཡོད་ལ། །
སེང་ཆེན་རྒྱལ་པོ་དགྲ་ཡ་བཟུང་། །
སེང་ཆེན་བྱང་ནས་འཁོར་བས་ན། །
ལས་མཚར་ཆེན་ཧོར་ལ་ཐོན་ནས་འོང་། །
ང་ཆགས་ཆེན་ཤན་པ་རྒྱལ་པོ་ཡང་། །
འགྲོ་ས་གཅིག་ལ་ཡོད་ལེ་མེད། །
ད་ལྟ་དགྲ་ཡ་བཟུང་ན་ཡང་། །
ཕྱིས་འབྱུང་དགྲ་ཡ་གཉེན་བསྒྱུར་སྲིད། །
ད་དུང་ཕྱིས་འབྱུང་མི་ཤེས་པས། །
སྒར་འདི་ལ་བརྙས་བཅོས་དགོས་པ་མེད། །
ས་གར་ཡོང་འདི་ཡོང་མི་ཤེས་མོད། །
ཧོར་སེར་པོ་སྤྱི་ཡི་རྩྭ་ར་ན། །
བསྡད་ཆོག་བསམས་ནས་བསྡད་ལེ་རེད། །
ཧོར་སེར་ད་ར་ཁ་དགུ་ལ། །
འགྲས་ཆོག་བསམས་ནས་འགྲས་ལེ་རེད། །
ཨ་ཆེན་གུར་དཀར་དཔོན་པོ་ལ། །
ཁ་ཡ་བྱེད་བསམ་བརྙས་ལེ་རེད། །
དུས་ད་ནི་ཧོར་སེར་རང་ཚོད་ཟུངས། །
ཧོར་སེར་རང་ཚོད་མ་ཟིན་ན། །
སྤྱང་ལུག་བརྒྱ་བསད་ན་ཤི་རན་ཟེར། །
ཧོར་རྗེ་གུ་ཡངས་གནམ་གྱི་བུ། །
རང་ཚོད་བཟུང་ནས་འདུག་རོགས་གྱིས། །
སྟོབས་ཆེན་གླང་པོ་ཁྲ་འབར་གཅིག །
ཤེད་ཆེན་རི་བོ་པང་འཁུར་གཉིས། །
པཱ་ཐུར་མཆོང་ལྷ་སྨུག་པོ་གསུམ། །
ཕོ་གསར་རྒོད་རྒོད་དེ་ཙམ་ཡིན། །
རྒོད་ཚོད་ཟིན་ན་གྲལ་ལ་སྡོད། །
གོ་ན་རྣ་བའི་བུ་རམ་གྱིས། །
མ་གོ་གླུ་ལ་འགྲེལ་བ་མེད། །