བོད་ནི་འཛམ་གླིང་དུ་ལེགས་སྦྱར་གྱི་དཔེ་ཆ་ཉར་ཚགས་བྱས་པ་ཆེས་མང་བའི་ས་ཆ་ཞིག་ཡིན། “ད་ལྟ་སིང་ག་ལའི་སྡེ་སྣོད་གསུམ་མ་གདྷའི་སྐད་དུ་བཞུགས་པ་འདིའི་འོག་ན་ནང་བ་སངས་རྒྱས་པའི་རྒྱ་དཔེ་བཞུགས་པ་ལ་རེ་ཞིག་ད་ལྟ་རྙེད་ཟིན་པ་འདི་ཙམ་གྱི་དབང་དུ་བྱས་ཀྱང་བོད་ཀྱི་ཡུལ་འདི་མང་ཤོས་སུ་འདུག་ཅིང༌། ①”ང་བརྒྱད་ལོ་དང་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་འདིའི་སྐོར་གྱི་ཡིག་ཆ་མང་བོ་རྩ་མེད་དུ་བཏང་མོད། སྟབས་ལེགས་པ་ཞིག་ལ་ད་དུང་ལེགས་སྦྱར་གྱི་བསྟན་བཅོས་མང་བོ་ཞིག་ཉར་ཚགས་བྱས་ཡོད།
བོད་ལ་ལེགས་སྦྱར་གྱི་བསྟན་བཅོས་ཀྱི་ཐོག་མ་རྗེ་ལྷ་ཐོ་ཐོ་རུའི་རིང་ལ་བྱུང་བ་ནས་ད་ལྟའི་བར་དུ་ལེགས་སྦྱར་བསྟན་བཅོས་མང་བོ་བྱུང་ཡོད། ལེགས་སྦྱར་གྱི་བསྟན་བཅོས་དེ་དག་བོད་ལ་འབྱུང་བའི་རྐྱེན་དུ་མ་ཡོད་དེ། 1ཐོན་མིས་བོད་ཡིག་སྲོལ་གཏོད་པ་ནས་ལོ་ཙཱ་བ་དག་གིས་གསེར་དང་དངུལ་མང་བོ་བཏང་ནས་རྒྱ་གར་དང་བལ་བོ་ཁ་ཆེ་བཅས་ནས་ལེགས་སྦྱར་གྱི་བསྟན་བཅོས་མང་བོ་ཉོས་ནས་གདན་དྲངས་ཏེ་ཡོང་ནས་བོད་ཀྱི་སྐད་དུ་བསྒྱུར། རང་རེའི་བཀའ་བསྟན་གྱི་མ་དཔེ་མང་ཆེ་བ་ཡང་བོད་དུ་གདན་དྲངས་པའི་ལེགས་སྦྱར་གྱི་བསྟན་བཅོས་ཡིན། 2རྒྱ་གར་གྱི་པཎ་ཆེན་དུ་མས་འཁྱེར་ནས་ཡོང་བ། བསྟན་པ་ཕྱི་དར་སྐབས་སུ་ཇོ་བོ་རྗེ་ཨ་ཏི་ཤ་ཕེབས་ནས་བོད་དུ་ལོ་མང་བོ་བཞུགས་ནས་སྐུ་མྱ་ངན་ལས་འདས་པ་དང༌། ཁྱད་པར་སྤྱི་ལོ1203ལོར་མུ་ས་ལུམ་གྱི་ཆོས་དད་པས་རྒྱ་གར་གྱི་ནང་བསྟན་དགོན་པ་བྲི་ཀུ་མ་ལ་ཤི་ལ་ཞེས་པ་བཅོམ་པས་རྒྱ་གར་གྱི་དགེ་འདུན་པ་མང་བོ་བོད་ལ་བྲོས་བྱོལ་དུ་ཡོང་ཡོད། སྤྱི་ལོ1204ལོར་ཁྲོ་ཕུ་ལོ་ཙཱ་བས(སྤྱི་ལོ1173ལོར)ས་སྐྱ་བའི་ཁྲོ་ཕུ་དགོན་པའི་གྲྭ་བ་མངགས་ཏེ་ཀ་ཤི་སྨིར་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲྀ་རི་མཆོག(སྤྱི་ལོ1127--122) དང་དེ་བཞིན་པཎྜིཏ་དགུ་བོད་དུ་གདན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པས་དེ་དག་གིས་ཀྱང་ལེགས་སྦྱར་བསྟན་བཅོས་མང་བོ་འཁྱེར་ནས་ཡོང་ཡོད་པ་སྲིད་དོ། །
དེ་བས་དུས་རབས་མི་འདྲ་བའི་ནང་དུ་བོད་ཀྱི་ལོ་ཙཱ་བ་དག་གིས་རྒྱ་གར་ནས་རྒྱ་དཔེ་མང་བོ་ཞིག་གདན་དྲངས་པར་ཚོད་དཔོག་བྱ་ཐུབ་པས་བོད་ན་ཡོད་པའི་ལེགས་སྦྱར་གྱི་བསྟན་བཅོས་འདི་དག་འཛམ་གླིང་གི་ཡུལ་གྲུ་གཞན་ན་མེད་པའི་ཚོད་ཡིན། སྔོན་ཆད་བོད་ན་ལེགས་སྦྱར་གྱི་བསྟན་བཅོས་གང་མང་ཡོད་པར་མངོན་ཏེ། ཇོ་བོ་རྗེ་ཨ་ཏི་ཤ་བསམ་ཡས་ལ་ཕེབས་དུས།“རྒྱ་དཔེ་རྣམས་གཟིགས་པས་སྔར་མ་གཟིགས་པ་མང་བོ་མཆིས་པས། སློབ་དཔོན་པད་མས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་ཡིན་ནམ་གསུངས②”ཞེས་པ་དེ་ལ་བལྟས་ན་ཤེས།③
བོད་དུ་ཉར་ཚགས་བྱས་པའི་ལེགས་སྦྱར་གྱི་བསྟན་བཅོས་དེ་དག་ནི་ཏ་ལའི་ལོ་མའི་སྟེང་དུ་བྲིས་ཡོད། དགེ་འདུན་ཆོས་འཕེལ་གྱིས། “རྒྱ་དཔེ་ཕལ་ཆེར་ཏ་ལའི་ལོ་མར་བྲིས་པས་ཏ་ལའི་ལོ་མ་དེ་ཞེང་དུ་སོར་གསུམ་བཞི་ལྷག་པ་མི་ཡོང་བས་སྣེ་གང་རིང་བྱེད་པ་ཙམ་ལས་ཞེང་ཆེན་པོ་གང་ལ་འོང༌། རྗེ་མི་ལས་ཕྱུགས་རྫི་ལ་མར་བ་དྲིས་སྐབས། བུ་ཆུང་དར་མ་མདོ་སྡེས་ཀྱང༌། འོ་ངེད་ཀྱི་ཨ་ཇོ་ལ་ཟེར་བ་ཡིན་པ་འདྲ། དེ་ཡིན་ན་རྒྱ་གར་ནས་པོ་ཏི་ཕྲ་ལ་རིང་བ་མང་བོ་འཁྱོས་མ་ལ་བཀལ་ནས་འོངས་པ་ཞིག་ཡོད་ཅེས་སྨྲས་པ་ཡིན④”ཞེས་གསུངས་པ་ལྟར་ལགས།
ནུབ་ཕྱོགས་པའི་མཁས་པ་ཧོ་ཏིག་ཞུང(何德逊)⑤ནས་བོད་ནས་ཡོང་བའི་ལེགས་སྦྱར་གྱི་བསྟན་བཅོས་ཉར་ཚགས་བྱེད་པའི་མགོ་ཚུགས་མོད་རྒྱ་གར་བ་ར་ཧུ་ལ་ལས་བརྒལ་བ་གཅིག་ཀྱང་བྱུང་མྱོང་མེད།
རྒྱ་གར་མཁས་པ་ར་ཧུ་ལ⑥ནི(1897-1963)1928ནས1938བར་དུ་ཐེངས་བཞི་ལ་རྒྱ་གར་ནས་བོད་ལ་ལེགས་སྦྱར་གྱི་བསྟན་བཅོས་འཚོལ་དུ་ཡོང༌། ར་ཧུ་ལས⑦བོད་ཀྱི་དགོན་པ་དག་ཏུ་ལེགས་སྦྱར་གྱི་བསྟན་བཅོས་སུམ་བརྒྱ་ལྷག་རྙེད་ཅིང༌། དེ་དག་རེ་རེ་བཞིན་པར་དུ་བཏབ་ནས་རྒྱ་གར་དུ་འཁྱེར།
ཁོང་ཚོས་རྒྱ་དཔེ་རྙེད་པའི་གནས་ནི་རྒྱལ་རྩེ་དང་བྱང་དུ་ཡོད་པའི་སྤོས་ཁང་ཚོགས་པ་བྱ་བའི་དགོན་ཆུང་དེ་དང༌། ཞ་ལུ་དགོན་པ། ཞ་ལུའི་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་བཞུགས་པའི་རི་ཁྲོད། ངོར་ཨེ་ཝཾ་ཆོས་ལྡན། ས་སྐྱའི་སྒོ་དུམ་ལྷ་ཁང༌། ས་སྐྱའི་ཕྱག་དཔེ་ལྷ་ཁང༌། རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང༌། དྭགས་པོའི་དགོན་པ་ཞིག ལས་ཀུན་བདེ་གླིང་བླ་བྲང་བཅས་ཡིན་ལ། དེ་ལས་རི་ཕུག་ནས་པོད་ཆེ་ཆུང་ཞེ་གཉིས་དང༌། ངོར་ཨེ་ཝཾ་ཆོས་ལྡན་དུ་པོད་ཆེ་ཆུང་བཞི་བཅུ། ཕྱག་དཔེ་ལྷ་ཁང་དུ་པོད་ཆེ་ཆུང་བཞི་བཅུར་མ་ལོངས་ཙམ་རྙེད།⑧
ད་སྔ་ལོ་རྒྱུས་སྟེང་དུ་རྒྱ་དཔེ་མང་ས་ནི་འབྲས་སྤུངས་ཀུན་དགའ་ར་བ་ཡིན། དེ་ནི་བོད་སྲིད་གཞུང་གིས་ཐད་ཀར་དོ་དམ་བྱེད་གནང་བའི་དཔེ་མཛོད་ཁང་ཞིག་ཡིན་པས་དེའི་ནང་གི་རྒྱ་དཔེ་དག་ར་ཧུ་ལས་ཀྱང་རྟོག་ཞིབ་བྱེད་མ་ཐུབ་པའི་ཁར། འབྲས་སྤུངས་ཀླུ་འབུམ་ཁང་ཚན་ནས་ལོ་མང་བོ་བཞུགས་པའི་དགེ་ཆོས་ལགས་ལ་ཡང་ཆ་རྒྱུས་ཅི་ཡང་མི་འདུག“འདིའི་ནང་དུ་བོད་ཀྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ལེགས་སྦྱར་སོགས་ཀྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་མ་ཕྱི་ཤིང་ཏ་ལའི་ལོ་མའི་ཐོག་འཁོད་པའི་རྒྱ་དཔེ་དང་རྩོམ་གདན་བརྒྱ་དང་ཉི་ཤུ་རྩ་བདུན་ཡོད་པར་གྲགས་ཤིང༌། དེ་དག་ལོ་ལྔ་བརྒྱ་ཙམ་གྱི་རིང་ལ་དམ་བསྒྲགས་བཀའ་རྒྱ་མར་སོང༌། ལོ་རབས་དྲུག་ཅུ་བའི་རྗེས་དང་ལྷག་པར་རིག་གནས་གསར་བརྗེའི་དུས་ཕྱག་དཔེ་འདི་དག་གཏོར་སྐྱོན་དང་ཁ་འཐོར་བྱུང་བས་ད་ཆ་ཉར་ཚགས་ཐུབ་པ་པོད་བཅུ་དྲུག་ལས་མེད་ཅིང༌། རྩ་ཆེའི་དཔྱད་ཡིག་དེ་དག་ལ་དེང་དུས་ཆ་རྐྱེན་ལ་ལྟོས་པའི་སྲུང་སྐྱོབ་གང་ཡང་ཐུབ་མི་འདུག⑨” ཐེངས་དང་བོར་དགེ་འདུན་ཆོས་འཕེལ་གྱིས་ཁོང་ལ་ཕྱག་རོགས་གནང་བ་ལས་ཆེད་དུ་ཞིབ་འཇུག་བྱས་མེད་མོད། འདིའི་རིན་ཐང་གསལ་བོར་ངོས་ཟིན་ནས་དཀར་ཆག་ཀྱང་བཀོད་ཡོད། དཀར་ཆག་འདི་ནི་བོད་ཡིག་ཏུ་བྲིས་པའི་བོད་ཀྱི་ལེགས་སྦྱར་བསྟན་བཅོས་བྲིས་མའི་དཀར་ཆག་དང་བོ་ཡིན་ལ། ད་ལྟ་ཡོད་པའི་དཀར་ཆག་ཉག་གཅིག་ཀྱང་ཡིན།⑩
1934ནས1938ལོའི་བར་དུ་རྒྱ་གར་གྱི་དབྱིན་ཡིག་གི་དུས་དེབ《པི་ཧར་དང་ཡོ་ལི་ས་ཞིབ་འཇུག་ཚོགས་པའི་རིག་གཞུང་དུས་དེབ》(JBORS)སྟེང་དུ་ཁོང་གིས་བོད་དུ་སོང་ནས་ལེགས་སྦྱར་གྱི་བསྟན་བཅོས་བཙལ་པའི་གནས་ཕྲ་ཞིང་ཞིབ་པར་ངོ་སྤྲོད་བྱས་ཤིང༌། ཁོང་གིས་བསྒྲིགས་པའི་ནང་བའི་ལེགས་སྦྱར་གྱི་བསྟན་བཅོས་དག་གི་དཀར་ཆག་ཀྱང་བཀོད་ཡོད། དེ་བས་འཛམ་གླིང་དུ་གྲགས་པ་རྒྱས།
ཁོང་གིས་བསྡུས་པའི་དཔེ་ཆའི་ཁྲོད་དུ། སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་དང་རྣམ་འགྲེལ་གྱི་འགྲེལ་བ་ཁག་ཅིག རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་དང་སློབ་དཔོན་ཞི་བ་འཚོའི་དབུ་མ་སྙིང་བོ་དང་རྣལ་འབྱོར་སའི་འགྲེལ་བ། (ཁག་གཅིག)མངོན་པའི་འགྲེལ་བ། ཆོས་ཉིད་རྣམ་འབྱེད། དབུས་མཐའ། རྣམ་འབྱེད། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་འགྲེལ་བ། གསང་འདུས་དང་དེའི་འགྲེལ་ཆེན་ཟླ་བས་མཛད་པ། དུས་འཁོར་དང་དེའི་འགྲེལ་ཆེན། ཀྱེ་རྡོར་སོགས་ཆོ་ག་སྣ་ཚོགས་བཞུགས། ⑾འདི་དག་ལས་སེམས་ཙམ་པའི་སྐོར་དང་རྣམ་འགྲེལ་གྱི་སྐོར་འདི་དག་མང་བོ་ཞིག་གིས་སྔོན་ནས་ཉམས་ཟིན་པར་འདོད་ཀྱིན་ཡོད། ཅ་ཀྲི་ལེ་བེ་ལགས་ཀྱིས་བལ་བོར་སེམས་ཙམ་པའི་བསྟན་བཅོས་མཐོང་བ་འདིས་དུས་རབས་ཉི་ཤུ་བའི་སེམས་ཙམ་པའི་ལྟ་བ་རྒྱས་པར་བྱས་ཤིང་ཚད་མ་ཞིབ་འཇུག་ཀྱང་ཡར་རྒྱས་སུ་བྱིན།
1988ལོར་ཨོ་ཏིས་ལེའི་བེ་ཡུས་ན་སློབ་གྲྭ་ཆེན་མོའི་བོད་རིག་པ་དང་ནང་བསྟན་ཞིབ་འཇུག་ཚོགས་པས་ར་ཧུ་ལའི་བསྡུས་པའི་ཆོས་ལ་དཔྱད་པ་ཞེས་པའི་དེབ་ཆུང་ཞིག་ཀྱང་བཏོན་ནས་སེམས་ཙམ་པ་དང་ཚད་མ་རིག་པའི་དཔེ་ཆ་ངོ་སྤྲོད་བྱས་ཡོད། དཔེ་ཆ་ འདི་དག་ད་ལྟ་རྒྱ་གར་གྱི་པད་ཐེ་ནའི་པུ་ཧར་ཞིབ་འཇུག་ཁང་དུ་ཉར་ཚགས་བྱས་ཡོད། དེ་ལས་སྐོར་ཞིག་བོད་ཀྱི་ལེགས་སྦྱར་དཔེ་ཚོགས་ལས་པར་དུ་བསྐྲུན། 1953-1991ལོའི་ནང་དུ་དེབ་ཉེར་བརྒྱད་པར་དུ་བསྐྲུན། དེ་བཞིན་བམ་པོ་གསུམ་ཅན་གྱི་སྒྱུ་རྩལ་གྱི་སྐོར་ཞིག་ དཔེ་འདིའི་ནང་དུ་དེབ་ཉེར་བདུན་ནང་དུ་བསྡུས། ཆན་ཏིག་ལས(钱德拉)ད་དུང་བོད་ཀྱི་ལེགས་སྦྱར་གྱི་དཔེ་ཆའི་སྐོར་ཞིག“པེ་ཅིང་དུ་ཉར་བའི་དཔེ་ཚོགས”ཀྱི་ནང་དུ་དེབ་གྱ་གཅིག་ཏུ་བསྡུས་ནས་བརྙན་དཔར་དུ་བཏབ།⑿
གཞན་པའི་གྲུབ་འབྲས་གཟེངས་སུ་ཐོབ་པའི་ནུབ་ཕྱོགས་ཀྱི་མཁས་པ་ཞིག་ནི་བོད་རིག་པའི་མཁས་པ་གྲགས་ཅན་དབྱི་ཊ་ལིའི་ཏོའུ་ཆི⒀ལགས་ཡིན་ཏེ། ཁོང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔ་རྗེས་སུ་ཐེངས་འགའ་ལ་བོད་དང་བལ་བོ་ལ་སོང་མྱོང་ནས་རྟོག་དཔྱོད་བྱས་མྱོང༌། དཔེར་ན་བོད་ཀྱི་དཔར་རིས་པོད་གསུམ་ལྟ་བུའི་བོད་རིག་པའི་དཔེ་ཆ་མང་བོ་དཔར་དུ་བསྐྲུན་མྱོང༌། ཁོས་ད་དུང་བོད་དུ་སྔོན་ཆད་གཞན་གྱིས་གླེང་མ་ མྱོང་བའི་ལེགས་སྦྱར་གྱི་བསྟན་བཅོས་སྐོར་ཞིག་བསྡུས། རྗེས་སུ་ཁོས《ནང་བའི་བསྟན་བཅོས་ཐུང་བ》དེབ་གསུམ་པར་དུ་བསྐྲུན་པ་ལས། ལོ་རབས་ལྔ་བཅུ་བར་དང་བོ་དང་གཉིས་པ་པར་དུ་བསྐྲུན་ཅིང༌། 1971ལོར་དེབ་གསུམ་པ་པར་དུ་བསྐྲུན། དེའི་ནང་དུ་ཀ་མ་ལ་ཤི་ལའི་རྒྱ་བོད་དབྱིན་གསུམ་ཤན་སྦྱོར་གྱི་སྒོམ་རིམ་ཡང་ཡོད། 2000ལོར་ཧྥོ་རས་ཏུའུ་ཆིས་བསྡུས་པའི་དཔེ་ཆའི་དཀར་ཆག་དག་བསྒྲིགས་བྱས་ཏེ་པར་དུ་བསྐྲུན།⒁
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ནས་བོད་ནས་ལེགས་སྦྱར་གྱི་བསྟན་བཅོས་མང་བོ་རྙེད་ཅིང༌། 1962ལོར་སོའོ་ཧོས་ཏིན་གྱིས་རྩོམ་ཡིག་ལས། བོད་ནས་རྙེད་པའི་ཁ་གྲངས་བལ་བོ་འདུས་པའི་འཛམ་གླིང་ཡོངས་ནས་རྙེད་པའི་ཁ་གྲངས་ལས་ཀྱང་བརྒལ་ཞེས་བྲིས་འདུག སྐོར་ཞིག་ལ་མི་རྣམས་ཀྱིས་མི་རིགས་ཕོ་བྲང་བོད་ཀྱི་ལེགས་སྦྱར་བསྟན་བཅོས་བྲིས་མ་ཟེར། 1961ལོར་ལེགས་སྦྱར་གྱི་དཔེ་ཆ་བྲིས་མ་དེབ259པེ་ཅིང་དུ་སྐྱེལ། 1993ལོར་ཕྱིར་ལྷ་སར་སྐྱེལ་ནས་བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།
གཞན་གཅིག་ནི་ལོ་རབས་དྲུག་ཅུ་བའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དུ་རྟོག་ཞིབ་ཚན་པ་ཞིག་མངགས་ནས་བོད་ཀྱི་དགོན་ཆེན་དག་ནས་རྟོག་ཞིབ་དང་ཐོ་འགོད་བྱས། 1983ལོར་ལོ་ཀྲོའུ(罗炤)བོད་ལྗོངས་སུ་སོང་ནས་གང་སར་ཉར་ཚགས་བྱས་ཡོད་པའི་ལེགས་སྦྱར་གྱི་བསྟན་བཅོས་བྲིས་མ་དག་རྟོག་དཔྱོད་ཀྱིས་དཀར་ཆག་ཏུ་བཀོད། ཨོ་ཏི་ལིའི་མཁས་པ་སི་ཏན་དབྱིན་ཁད་ལིས་འདིའི་རྟོག་ཞིབ་དང་དཀར་ཆག་གི་གནས་ཚུལ་ཞིབ་ཏུ་བཀོད་ནས2004 ལོར་པར་དུ་བསྐྲུན།
1985ལོར་བང་སུང(王森)གིས་སྔོན་པེ་ཅིང་མི་རིགས་ཕོ་བྲང་དུ་ཉར་ཚགས་བྱས་པའི་ལེགས་སྦྱར་གྱི་བསྟན་བཅོས་བྲིས་མ་དག་གི་དཀར་ཆག་ཏུ་བཀོད། བང་སུང་གི་དཀར་ཆག་འདི་ཟུར་བཀོད་དུ་བྱས་པའི2006ལོར་བརྙན་པར་དུ་བཏབ། ལེགས་སྦྱར་གྱི་བསྟན་བཅོས་བྲིས་མ་ཁག་གཞན་དེ་ལ་ལོ་ཀྲོའུའི་དཀར་ཆག(罗炤目录)ཡོད་མོད་ཀྱང༌། ད་དུང་དཔར་བསྐྲུན་བྱས་མེད། 1987ལོར་འདི་དག་ནི་པར་དུ་བླངས་ནས་རྭ་ཤེལ་དུ་བླངས་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ན་ཉར་ཚགས་བྱས་ཡོད། ཞིབ་འཇུག་པ་གསང་བདག⒂གིས་དེ་ལ་དཀར་ཆག་ཅིག་བསྒྲིགས་པའི་མིང་ལ་གསང་བདག་དཀར་ཆག་ཟེར།
སྤྱི་ལོ2001ལོར་མི་རིགས་རིག་གནས་ཕོ་བྲང་ནང་ཉར་ཚགས་བྱས་ཡོད་པའི་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེ་ལེགས་སྒྲིག་བྱ་རྒྱུའི་རྣམ་གྲངས་ཤིག་གཉེར་བ་དང༌། དེར་སློབ་གསོ་པུའི་མི་ཆོས་སྤྱི་ཚོགས་ཚན་རིག་རྣམ་གྲངས་ཀྱི་སྒོར་ཁྲི་ལྔ་ཡི་རོགས་སྐྱོར་གནང་ཡོད། པེ་ཅིང་སློབ་གྲྭ་ཆེན་མོའི་ཕྱི་སྐད་སློབ་གླིང་གིས་ཀྱང་རྣམ་གྲངས་དེར་རྒྱབ་སྐྱོར་ངེས་ཅན་གནང་ཡོད། མ་དངུལ་གྱིས་ང་ཚོས་དགོས་ངེས་ཀྱི་ཡོ་ཆས་ཁག་ཅིག་ཉོས་པ་དང༌། དེ་སྔའི་སྤྱིར་བཏང་གི་སྤྱིན་ཤོག་དེ་དག་གྲངས་གཞི་ཅན་ལ་བསྒྱུར་བ་དང༌། དེང་རབས་ཚན་རྩལ་ལ་བརྟེན་ནས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཁག་ཉིས་བརྒྱ་ལྷག་ཙམ་གྱི་པར་རིས་སྟོང་ཕྲག་ཁ་ཤས་ལེགས་སྒྲིག་བྱས་ཡོད།⒃
སྤྱི་ལོ2004ལོའི་ཟླ་བ་བཅུ་གཅིག་པའི་ཟླ་སྟོད་དུ་པེ་ཅིང་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་པུར་པེ་ཅིང་སློབ་གྲྭ་ཆེན་མོའི་ཆེད་དོན་ཞིབ་འཇུག་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང༌། ལོ་དེའི་ཟླ་བ་བཅུ་གཅིག་པར་གྲོས་འགོ་དེར་ཆོག་མཆན་ཐོབ་ནས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་དང་ནང་བསྟན་ཡིག་ཆ་ཞིབ་འཇུག་ཁང་ཞེས་པ་དངོས་སུ་དབུ་བརྙེས། མིག་སྔར་དགེ་རྒན་ཆེན་མོ་ཏོན་ཆིང་གིས་ཞིབ་འཇུག་ཁང་དེའི་འགན་འཁུར་བ་གནང་བཞིན་ཡོད་པ་དང༌། ཁོངས་མིའི་ནང་ཕྱི་སྐད་སློབ་གླིང་ཤར་ཕྱོགས་སྐད་ཡིག་ཚན་ཁག་ལེགས་སྦྱར་དང་པྲ་ཀྲི་ཏི་སློབ་དཔྱོད་ཁང་གི་དགེ་རྒན་རྣམ་པ་དང༌། དེ་བཞིན་རབ་འབྱམས་པ་དང་འབུམ་རམས་པའི་སློབ་མ་རྣམས་ཡོད།⒄
ཞིབ་འཇུག་ཁང་བཙུགས་ཚུན་གྲུབ་འབྲས་འགའ་ཐོབ་ཏེ། དེ་ཡང་འབུམ་རམས་པའི་འཛིན་གྲྭའི་ཡེ་ཧྲའོ་ཡུང་ལ་པེ་ཅིང་སློབ་གྲྭ་ཆེན་མོས་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེའི་པར་རིས་ཐོག་ནས་དབུ་མའི་གཞུང་གི་རྩ་བའི་བསྟོད་པ་དང་ཆོས་སྲུང་འགྲེལ་པ། 《ཝང་སེན་དཀར་ཆག་གི་ཨང་བཅུ་བདུན་པ》ཡི་དུམ་བུ་ཞིག་རྙེད་པ་དང༌། མ་ཟད་དེའི་བསྒྱུར་བསྒྲིགས་དང་བོད་ཡིག་ཡིག་ཚགས་དང་གཤིབ་བསྡུར་བྱ་རྒྱུ་ལེགས་གྲུབ་བྱུང༌། ཁོང་གི་ཆེད་རྩོམ་བོད་ལྗོངས་ནས་ཐོན་པའི་ལེགས་སྦྱར་ཆོས་དཔེ་དབུ་མའི་གཞུང་གི་རྩ་བའི་བསྟོད་པ་དང་ཆོས་སྲུང་འགྲེལ་པ་ཞེས་པ་དེ་པེ་ཅིང་སློབ་གྲྭ་ཆེན་མོའི་ཤིང་ཏ་ལའི་ལོ་མའི་ལེགས་སྦྱར་ཆོས་དཔེ་དང་ནང་བསྟན་ཡིག་ཚགས་ཞིབ་འཇུག་ཁང་གི་མུ་འབྲེལ་གསུང་རྩོམ་ཁག་དང་བོའི་ངོས་ནས་རྒྱ་དབྱིན་ཡིག་རིགས་གཉིས་ཀྱི་ཐོག་ནས་དཔར་བསྐྲུན་བྱ་རྒྱུ་ཡིན་པ་རེད།⒅
བོད་ནས་ཐོན་པའི་ལེགས་སྦྱར་གྱི་བསྟན་བཅོས་བྲིས་མ་འདི་དག་ལས་ད་ལྟ་ཞིབ་འཇུག་གི་ལས་ཀ་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་དེ། དཔེར་ན་པེ་ཅིང་སློབ་གྲྭ་ཆེན་མོའི་ཏོན་ཆིན(段清)དང༌། གསར་བརྗེ།⒆(萨尔吉)ཡེ་ཧྲོ་ཡིན(叶少勇)སོགས་ཡིན། པེ་ཅིང་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཞིག་གིས་མི་རིགས་ཕོ་བྲང་གི་ལེགས་སྦྱར་བསྟན་བཅོས་བྲིས་མ་ཨང76པ་སྟེ། བཅོས་ལྡན་འདས་བླ་ན་མེད་པའི་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་བོ་ལ་ཞིབ་འཇུག་བྱས་ཡོད།⒇
ཆབས་ཅིག་ཀྲེ་ཅང་ཧང་ཀྲའུ་ལིང་ཡིན་དགོན་པའི་རུང་བ་མ་ཡིན་པའི་གཞི་བཅུའི་འགྲེལ་པ་ཞེས་པ་དེ་ལ་ཏིང་ཡི་གེར་ཕབ་བསྒྱུར་གནང་གྲུབ་ཡོད་པ་རེད། མིག་སྔར་འགྲེལ་བ་དེ་བོད་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་ཆ་རྙེད་མེད། ནེ་པ་ལས་ཉར་ཚགས་བྱས་པའི་ལེགས་སྦྱར་དཔེ་ཆའི་ཁྲོད་དུའང་དེ་དང་འདྲ་བའི་དཔེ་ཆ་ཞིག་ཡོད། བསྟན་བཅོས་དེར་ནོར་འཁྲུལ་ཟང་ཟིང་གི་ཆ་ཤིན་ཏུ་མང་བས་འགྲེལ་བརྗོད་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱང་སངས་རྒྱས་ཀྱི་ཞིབ་འཇུག་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སྤྱི་ལོ2006ལོའི་ཟླ་བ་བཞི་བར་ལྷོ་ཁུ་རུ་ཡའི་རྒྱལ་སྤྱིའི་ནང་བསྟན་གྲོས་ཚོགས་ཐོག《ལིང་ཡིན་དགོན་པའི་ལེགས་སྦྱར་དཔེ་ཆའི་ནང་གི་ས་བཅུ་གཉིས》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བ་དང༌། དེ་ནི་དཔེ་ཆ་དེའི་ཞིབ་འཇུག་གི་ཐོག་མའི་གྲུབ་འབྲས་ཤིག་ཡིན་པ་རེད།
འབུམ་རམས་པ་ཧྥན་མུའུ་ཡིའུས《མཉམ་མེད་བླ་ན་མེད་པའི་ཆོ་ག《ཝང་སེན་དཀར་ཆག་ནང་གི་ཨང་དོན་དྲུག་པ》》ཞེས་པ་དེའི་ཕབ་བསྒྱུར་དང༌། དེ་བཞིན་བོད་རྒྱ་ཡིག་རིགས་གཉིས་ཀྱི་མ་དཔེ་དང་གཤིབ་བསྡུར་བྱ་རྒྱུ་ལེགས་གྲུབ་བྱུང་ཞིང༌། དེ་ནི་ཁོང་ མོའི་འབུམ་རམས་པའི་དཔྱད་རྩོམ་གྱི་ཆ་ཤས་ཤིག་རེད། གཞོན་སྐྱེས་དགེ་རྒན་ཀའོ་ཧུང་དང༌། འབུམ་རམས་པའི་སློབ་མ་ལོ་ཧུང། མའེ་ཝན་པེའོ(རྒྱལ་ཁོངས་ཁ་ན་ཀྲ)བཅས་ཀྱིས་ཀྱང་ཡིག་ཆ་མི་འདྲ་བའི་གཤིབ་བསྡུར་ཞུ་དག་གི་ཕྱག་ལས་གནང་ཡོད།Ⅰ
མིག་སྔར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་དང༌། ཨོ་ཏི་ལིའི་ཚན་རིག་ཁང་གཉིས་མཉམ་འབྲེལ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ལེགས་སྦྱར་གྱི་བསྟན་བཅོས་བྲིས་མའི་དཔེ་ཚོགས་པར་དུ་བསྐྲུན། 2005—2008བར་དུ་དཔེ་ཆ་བཞི་པར་དུ་བསྐྲུན། དེ་ལས་གཞན་འཇར་པན་གྱི་མཁས་པས་ཀྱང་ཉེ་བའི་དུས་སུ་བོད་ལྗོངས་ཀྱི་དགོན་པའི་ནང་དུ་ལེགས་སྦྱར་གྱི་བསྟན་བཅོས་འཚོལ་སྡུད་བྱས། ཁོ་ཚོས་སྤྱི་ཡོངས་ནས་གནས་ཚུལ་སྤེལ་བ་མ་མཐོང་མོད། ཁོ་ཚོས་ལག་སོན་ཆེན་པོ་བྱུང་ཡོད་དེ། དཔེར་ན། མི་རྣམས་ཀྱིས་ཡོངས་སུ་ཉམས་ཟིན་པར་སྙམ་པའི《དྲི་མེད་གྲགས་པར་བསྟན་པའི་མདོ》ལེགས་སྦྱར་གྱི་བསྟན་བཅོས་བྲིས་མ་དེ་ཡིན།
ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གསང་བདག་གིས་ཏ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་གྱིས་བསྟན་བཅོས་བྲིས་མ་དག་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་ལ། བོད་མི་ལས་ཏཱ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་གྱི་བསྟན་བཅོས་འདི་དག་ལ་ཞིབ་འཇུག་བྱེད་མཁན་ཁོང་གཉིས་ཙམ་དུ་ཟད། ཕངས་པ་ཞིག་ལ་ཁོང་གཉིས་ཀྱིས་བྲིས་ པའི་རྩོམ་དེ་དག་ལས་སྐུ་ཞབས་གསང་བདག་གི་དཔྱད་རྩོམ་རེ་གཉིས་མ་གཏོགས་རྒྱ་ཡིག་གིས་བྲིས་ཡོད། འོན་ཀྱང་བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་གྱི་ཐོག་མ་ཡང་ཁོ་རང་ཉིད་ཡིན། ད་ལྟ་བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་ཡང་མིང་ཙམ་དུ་གྱུར་ཡོད།
“ད་ལྟ་ལག་སོན་བྱུང་བའི་ཏ་ལའི་ལོ་མའི་བསྟན་བཅོས་ལས་སྔ་ཤོས་ལ་དུས་རབས་བཞི་བའམ་ལྔ་བ་དུས་ཙམ་ལ་བྲིས་པ་དང༌། ཡང་ན་ཐད་ཀར་རྒྱ་གར་དང་བལ་ཡུལ་ནས་གདན་དྲངས་པ་དང༌། ཕྱི་ཤོས་ལ་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་དུས་དེར་ལེགས་པར་བྲིས་པའམ་དྲངས་པ་དག་ཡིནⅡ”“ཏ་ལའི་ལོ་མའི་བསྟན་བཅོས་དེ་དག་ལས་མང་ཆེ་བ་བོད་ཀྱི་ལོ་པཎ་མཁས་གྲུབ་རིན་བྱོན་གྱིས་བསྒྱུར་ནས་བཀའ་འགྱུར་དང་བསྟན་འགྱུར་ནང་དུ་གཏན་འབེབས་བྱས་ཟིན་ཀྱང༌། ད་དུང་བོད་ཡིག་ཏུ་ཡེ་ནས་བསྒྱུར་མེད་པའི་ཕྱི་རོལ་མུ་སྟེགས་པའི་བསྟན་བཅོས་ཡང་ཁ་ཤས་ཡོད་པ་དང༌། མང་ཆེ་བ་ནང་བ་སངས་རྒྱས་པའི་བསྟན་བཅོས་ཡིན། Ⅲ”ནང་དོན་གྱི་ཆ་ནས་སྣ་ཚོགས་ཡོད་ཅིང༌། “དེ་དག་ལེགས་པར་གྲུབ་པའི་དུས་མི་གཅིག་པས་ཡིག་གཟུགས་ཀྱི་ཆ་ནས་འདྲ་མིན་སྣ་ཚོགས་ཡོད་དེ། དཔེར་ན་བྲམ་ཟེའི་ཡི་གེ་དང༌། ཀུཔྟའི་ཡི་གེ དྷ་རི་ཀའི་ཡི་གེ ན་ག་རིའི་ཡི་གེ ཀུ་ཏི་ལའི་ཡི་གེ མ་ག་དྷིའི་ཡི་གེ ས་ར་དའི་ཡི་གེ རཉྫིནའི་ཡི་གེ ནེ་པ་ལའི་ཡི་གེ མཻ་ཐི་ལའི་ཡི་གེ ལཉྫའི་ཡི་གེ ཝརྟུ་ལའི་ཡི་གེ་སོགས་སྣ་ཚོགས་ཡོད། Ⅳ”ད་ལྟ་བོད་དུ་ཡོད་པའི་ལེགས་སྦྱར་གྱི་བསྟན་བཅོས་དེ་དག་གི་ཡིག་གཟུགས་མི་འདྲ་བ་སྣ་བཅུ་ལྷགⅤཡོད་སྐད།
དགེ་འདུན་ཆོས་འཕེལ་གྱིས། “རྒྱ་དཔེ་འདི་དག་འགངས་ཆེ་བར་མ་ཟད། ཡུལ་ཀྱང་རང་རེའི་ཡུལ་དུ་ཡོད་པས་ཕན་ཆེ་ཞིང་རྙེད་སླ་བར་དགོངསⅥ”གསུངས་མོད་ད་ལྟ་བོད་ཀྱི་མཁས་པ་མང་ཆེ་བ་ཞིག་ལ་རྒྱུས་མེད་དུ་གྱུར་ཡོད། ཡིན་ན་ཡང༌། “རྒྱ་དཔེ་འདི་འདྲ་བ་དག་བ་ཞིག་གི་འགྱུར་ཚིག་མཁྲེགས་པོ་རེ་ཡིན་ཀྱང་གོ་པའི་ས་ཨེ་ཆོད་བལྟས་ནས་དཀའ་བ་སླ་བར་གཏོང་བའི་ཐབས་ཤིག་ལ་འབད་ན་གོ་མ་ཆོད་ཀྱང་ངོ་གནོང་མི་དགོས་པར་བསམⅦ”
འདི་དག་ནི་བོད་ཀྱི་རིན་པོ་ཆེ་ཞིག་ཡིན་པ་མ་ཟད། དེང་སང་འཛམ་གླིང་གི་རིན་པོ་ཆེ་ཞིག་ཀྱང་རེད། ད་ལྟ་བོད་དུ་སིང་ཀྲི་ཏའི་སྐད་ཤེས་པ་ཉུང་ཞིང་ལྷག་པར་ཞིབ་འཇུག་བྱེད་མཁན་ཉུང་ཞིང༌། ད་ལྟ་ཐོར་བཀོད་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་པོད426དང་དེ་དག་ལ་བསྡོམས་པའི་ཤོག་གྲངས4300ཙམ་ཡོད། ད་དུང་བོད་ཀྱི་ས་གནས་སོ་སོ་ན་ལེགས་སྦྱར་གྱི་བསྟན་བཅོས་མང་ཙམ་ཡོད་ངེས་པས་དོན་གཉེར་ཅན་དག་གིས་འཚོལ་བ་དང་ཞིབ་འཇུག་བྱེད་པའི་སླད་དུ་ཁོ་བོས་ཆེད་དུ་ཡིག་རིགས་གཞན་པས་ངོ་སྤྲོད་བྱས་པ་སྐོར་ཞིག་ལ་དཔྱད་པ་གཏོང་ཁུལ་གྱིས་རང་རེའི་འབྲེལ་ཡོད་ཡིག་ཆ་དང་མཐོང་ཐོས་དག་གིས་ཁ་སྣོན་བརྒྱབས་ཏེ་བོད་རིག་ན་གཞོན་དག་ལ་ངོ་འཕྲོད་ཙམ་དུ་ཕུལ་བ་ལགས་སོ།།