ཡུས་ཧྲུའུ། པདྨ་ལྷ་མཛེས།
ང་ལ་ཕ་མ་གཅིག་གི་རྒྱུད་ལས་བྱུང་བའི་སྙིང་གི་སྤུན་ཡ་ཞིག་ཡོད་པ་ནི་མིང་ལ་དཀར་དཀར་ཟེར་བའི་ཨ་ཅེ་འདི་ཡིན། སྙིང་ལ་ཉེ་བའི་མི་འདི་ང་ལས་ལོ་གཅིག་གིས་ཆེ་བ་ཙམ་ཡིན་ནའང་། ངའི་མི་ཚེའི་བགྲོད་ལམ་ཁྲོད་ཁོ་མོ་ནི་ངའི་སེམས་ཀྱི་འཁེན་ས་གཅིག་པུ་དེ་ཡིན། འདི་ནས་བརྩིས་པའི་ལོ་ངོ་ཉི་ཤུའི་སྔོན་གྱི་ཨ་ཅེ་དང་ངེད་གཉིས་ནི་ཕྱུགས་རྫི་བྱེད་པའི་བུ་མོ་ཆུང་ཆུང་གཉིས་ཡིན། ནམ་སྐྱ་རེངས་དང་པོའི་སྐབས་སུ་མལ་ལས་ལངས་ཏེ་སྤོ་བོ་དང་རྨོ་མོའི་ཕྱུགས་ལས་ཀྱི་ལག་རོགས་བྱས་ནས། སྒོ་ཕྱུགས་རྣམས་མཐོན་པོའི་སྒང་དུ་འདེད་དགོས་པ་ནི་རྒྱུན་ལྡན་དུ་གྱུར་ཡོད། དྲན་ངོགས་སུ། རྨོ་མོས་ཨ་ཅེ་དང་ངེད་གཉིས་ལ་ལམ་གྱི་རྒྱགས་ཕྱེ་རུ་མར་རིལ་དང་རྩམ་པ། ཀ་ར། འོ་མ་ཤེལ་དམ་ཆུང་ངུ་སོགས་གང་མང་གྲ་སྒྲིག་བྱེད་སྲིད། ལམ་བར་ནས་ཨ་ཅེས་ང་ལ་ཁ་ཨེ་སྐོམ་གི ཁོག་པ་ཨེ་ལྟོགས་ཐལ། ཀ་ར་ཨེ་བཟའ་སོགས་ཀྱི་སྙིང་ཉེ་ཉེ་དང་ཤ་ཚ་ཚའི་གཏམ་མང་པོ་འདྲི་སྲིད་ལ། ཕྱུགས་ཟོག་གི་སྤུ་མདོག་དང་སྐྱེ་གཟུགས་ལ་དམིགས་ནས་མིང་གི་ཐོགས་ཚུལ་དང་། ལོ་གྲངས་རྩི་ལུགས་སོགས་རིམ་བཞིན་ང་ལ་བཤད་སྲིད། ཕལ་བའི་སྣང་ངོར་ཧ་ཅང་ཕལ་བར་སྣང་བ་འདི་དག་གིས་ང་ལ་འཚོ་བ་དང་རིག་གནས་ཀྱི་ས་བོན་བཏབ་པ་ཞིག་དང་མཚུངས་ལ། ངའི་སློབ་གཉེར་ལ་ཐོས་བསམ་སྒོམ་འཇུག་གི་སྣེ་མོ་བསྟན་པ་དང་མཚུངས།
དུས་དེར། ཨ་ཅེ་ནི་ལོ་དྲུག་བདུན་ཙམ་ལས་མེད་ཀྱང་ཁྱིམ་མིའི་ལག་རོགས་ཡག་ཤོས་སུ་གྱུར་ཡོད་ལ། ང་དང་མཉམ་འགྲོ་མཉམ་འདུག མཉམ་དགའ་མཉམ་སྐྱིད་ཀྱི་སྐྱིད་སྡུག་དུས་གཅིག་ཏུ་འཁུར་བའི་སེམས་ཀྱི་མི་བུ་ཞིག་ཡིན། ནམ་རྒྱུན་དྲིན་ཆེན་ཕ་མ་ཟུང་གི་བྱམས་བརྩེའི་འོག ཨ་ཅེ་དང་ངེད་གཉིས་ཀྱིས་སྒོ་ཕྱུགས་དག་ལ་གཟན་རྩྭའི་འཚོ་བཅུད་བྱིན་མྱོང་ལ། འུར་ཆ་བཟུང་ནས་ཕྱུགས་ཟོག་གི་རྗེས་ཀྱང་བསྙེགས་མྱོང་། ཐུལ་དཀར་འབྲི་མོའི་གཉའ་བར་བྱིལ་བྱིལ་དང་མགོ་བོ་མཉམ་བསྙེས་བྱས་མྱོང་ལ། ཡུར་མ་ཉིས་ཡུར་གྱི་དུས་ལ་གྲལ་མཉམ་པའི་ལོ་ཡག་སྙེ་མའི་གསེང་ནས་ལག་པ་ཆུང་ཆུང་གིས་རྩྭ་ལྡུམ་མཉམ་འབལ་བྱས་མྱོང་བ་དང་། གཞན་ཡང་། ཕ་མའི་བཀའ་ལས་འགལ་བའི་སྐབས་སུ་བརྩེ་བའི་དབྱུག་པའི་འོག་ནས་མཉམ་ངུའང་བྱས་མྱོང་། སྤོ་བོ་དང་རྨོ་མོའི་དགའ་མགུ་འོག་ནས་སྐྱིད་པའི་འཛུམ་མདངས་མཉམ་དུ་བཞད་པའང་བགྲང་ལས་འདས། འདི་ལྟར། ལོ་ན་ཆུང་ཆུང་གི་དུས་ནས་ཨ་ཅེ་དང་ལྷན་དུ་འབྲོག་པའི་སྦྲ་འདབས་ནས་སླེ་བོ་ཁུར། འོ་ཞོ་འཐུང་། ལྕི་བ་བསྒྲུགས་པ་སོགས་བྱས་པས། ངའི་སེམས་ཀྱི་གྲུ་ཟུར་གང་རུང་དུ་ཕ་ཡུལ་གྱི་བྲོ་བ་མ་ཉམས་པའི་བྱིས་དུས་ཀྱི་འཇིག་རྟེན་ཞིག་ཆགས་ཡོད་པའང་ཨ་ཅེ་ལགས་ཀྱི་བཀའ་དྲིན་ཡིན། ན་ཚོད་ཀྱི་འགྲོས་དང་ཕ་མའི་གོ་རྟོགས་འོག རིམ་བཞིན། ངེད་ཚང་ནི་མཐོ་ས་རི་ཡི་སྦྲ་རོག་རོག་ནས་ལམ་ལ་ཆས་ཏེ་དམའ་མོ་ཁང་སྐྱ་ལེབ་ཅན་གྱི་སྐྱེ་རྒུ་མདོ་རུ་གཞིས་ཆགས་པ་ཡིན། དེ་རུ་སྒོ་ཕྱུགས་མེད་ལ། དགུན་མཚེར་དང་དབྱར་མཚེར། ཞིང་ས་དང་རྩྭ་ས་ཞེས་མིང་གི་ཐོགས་ཡུལ་ཙམ་ཡང་མེད་པས་ཨ་ཅེ་དང་ངེད་གཉིས་ཁོ་ནར་དབང་བའི་བདེ་སྐྱིད་ནི་སྔར་ལས་ཉམས་སོང་བའི་སྣང་བ་སྐྱེས་མོད། ཕ་མའི་བཀའ་དྲིན་འོག་སློབ་གྲྭར་འགྲོ་བའི་སྐལ་བ་ལྡན་རྗེས། ངེད་གཉིས་སྔར་བཞིན་འཛིན་གྲྭ་གཅིག་གི་སློབ་མ། དགེ་རྒན་གཅིག་གི་དགེ་ཕྲུག་ཏུ་གྱུར་པས་ཀ་ཁ་མཉམ་འདོན་དང་། རྒྱ་ཡིག་མཉམ་འབྲི། སྣོན་འཕྲི་མཉམ་སློབ་བྱེད་ཆོག་པའི་བདེ་སྐྱིད་གཞན་ཞིག་སེམས་ཀྱི་གསེང་ལ་སིམ་སོང་།
སློབ་གྲྭར་འགྲིམ་བཞིན། ལང་ཚོ་རྒྱས་བཞིན། ངེད་གཉིས་བར་ཕྱི་ཡི་སྐྱེ་གཟུགས་ལ་བར་ཁྱད་ཅིག་ཤོར་བ་ནི། ཨ་ཅེ་ནི་གདོང་གི་མཛེས་པ་དང་གཟུགས་ཀྱི་ཆགས་ལུགས་ཞེས་མི་རྣམས་ཀྱི་སྒྲོག་ཡུལ་དུ་གྱུར་ཞིང་། ང་ནི་ཀུན་གྱིས་དོ་སྣང་དེ་ཙམ་མེད་པའི་སློབ་ཁང་གི་གྲུ་ཟུར་ཞིག་ཏུ་གཞའ་བཞིན་པའི་སློབ་མ་དཀྱུས་མ་ཞིག་ཏུ་གྱུར་ནའང་། ཨ་ཅེས་སྔར་བཞིན་ང་ལ་སེམས་ཀྱི་བརྩེ་བ་དང་ལུས་ཀྱི་གཞོགས་འདེགས་ཀྱི་ཐུགས་ཁུར་དོར་མ་མྱོང་། སྦྲང་དཀར་རྩམ་པའི་ཁ་ཟས་དང་འོ་ཇ་མངར་མོའི་བཏུང་བ། ད་དུང་རྐང་གི་ལྷམ་ནས་རྒྱབ་ཀྱི་དཔེ་ཁུག་དང་བཅས་པའི་གཙང་སྦྲ་སོགས་རང་གི་ཡོད་ཚད་ང་ལ་གནང་ཐུབ་པ་ནི་ཁྲག་གི་རྒྱུ་བ་གཅིག་ལས་ཆད་པའི་རུས་རྐང་དུ་ཟུག་པའི་བརྩེ་བ་དེའི་དབང་གིས་མིན་ནམ། འདི་བཞིན། ཨ་ཅེ་དང་ལྷན་དུ་ལོ་ངོ་དགུའི་རིང་ལ་སློབ་གྲྭར་སོང་ཡང་། འབྲིང་རྒྱུགས་ཀྱི་སྐབས་སུ་ཨ་ཅེ་དང་ངེད་གཉིས་ནི་ཤིང་རྩྭ་བ་གཅིག་གི་མ་ལག་གཉིས་སུ་གྱེས་པ་བཞིན། ང་ནི་པེ་ཅིང་ལ་སློབ་སྦྱོང་དུ་ཕྱིན་པ་དང་། ཨ་ཅེ་ནི་འབྲིང་རྒྱུགས་ཀྱི་དབང་གིས་མུ་མཐུད་དུ་སློབ་སྦྱོང་གི་གོ་སྐབས་མ་བཙལ་བར་དྲིན་ཆེན་ཕ་མ་དང་སྤོ་བོར་ཞབས་ཞུ་བྱས་ནས་བསྡད། ནམ་རྒྱུན་སྔ་མོ་ལངས་ནས་ནངས་ཇ་གྲ་སྒྲིག་དང་། ཁྱིམ་གྱི་ཕྱི་ནང་ཀུན་ལ་གད་བདར། གུང་གི་ཟས་དང་ནུབ་ཀྱི་ཟ་མ་སོགས་ཨ་ཅེས་གཡོ་སྐོལ་བྱས་པར་མ་ཟད། སྤོ་བོའི་གཟུགས་པོ་མི་བདེ་བའི་སྐབས་སུ་ཞིང་ཆེན་ཕྱི་ནང་ཀུན་ཏུ་སྨན་བཅོས་བྱེད་པར་ཁྲིད་དེ་ལུས་ཁམས་གསོས། གཉེན་ཉེ་དུ་ནད་ཀྱིས་གཙེས་པའི་སྐབས་སུའང་ཨ་ཅེ་སོང་ནས་ནད་གཡོག་བྱེད་སྲིད་པས་སྡེ་མི་ཀུན་གྱི་སྐྱབས་བཅོལ་སར་གྱུར། ཕྱིས་སུ། ཨ་མས་ཀྱང་ང་ལ“དཀར་དཀར་གྱིས་ང་ལ་དྲིན་ལན་འཇལ་སོང་། ཁྱིམ་ལས་དང་ཉོན་མོངས་ཀྱི་ལས་དོན་ཐམས་ཅད་མོ་རང་གིས་ལག་ལེན་བྱས་པས། ང་ལ་ཆོས་དང་སྐོར་བ་བྱེད་པའི་དུས་ཚོད་ཡོད་སོང་། ཉིན་རེའི་སྐོར་བ་དང་སྨོན་ལམ་དེ་ལས་དགོས་མ་སོང”ཞེས་ང་ལ་བཤད་སྲིད་ལ། སྤོ་བོས་ཀྱང“རང་གི་བུ་རྒྱུད་ལས་ཀྱང་དཀར་དཀར་དྲིན་ཆེ་སོང”ཞེས་ནང་མི་དག་ལ་བཤད་སྲིད། ངས་ཚིག་འདི་དག་ཐོས་རྗེས་སེམས་གཏིང་ནས་དགའ་ཞིང་ཨ་ཅེ་ཚེ་རིང་ལོ་བརྒྱ་ཞེས་སྨོན་ལམ་ཡང་ཡང་བཏབ་མྱོང་།
ད་ལྟ། ང་ནི་སློབ་ཆེན་མཐར་ཕྱིན་ནས་རང་ཁ་རང་གིས་གསོ་ཐུབ་པར་མ་ཟད། ཁྱིམ་ལ་ཕན་ཐོགས་བསྐྲུན་ཐུབ་པའི་དུས་ལ་སླེབས་རྗེས། ངའི་རྒྱལ་ཁ་ལ་འཛུམ་མདངས་སྐྱེས་མྱོང་བའི་ཨ་ཅེ། ངའི་ཕམ་ཁ་ལ་ན་ཟུག་ལངས་མྱོང་བའི་ཨ་ཅེ། ངའི་སྐྱོ་སྣང་ལ་གྲོགས་སུ་བྱོན་པའི་ཨ་ཅེ། ངའི་དཀའ་སྡུག་ལ་རམ་འདེགས་བྱས་མྱོང་བའི་ཨ་ཅེ། སྐྱིད་སྡུག་རེས་མོས་གང་ལའང་བདག་སེམས་སུ་ཞུགས་པའི་ཨ་ཅེ་ལགས་ཀྱང་འཇིག་རྟེན་མཐུན་འཇུག་གི་དུས་ལ་བབས་འདུག མོའི་ཚེ་གཅིག་གི་སྐྱ་ཡ་ནི་རང་དང་མཉམ་འགྲོགས་མཉམ་གཤིབ་ཀྱི་སློབ་གྲོགས་ཤིག་ཡིན་པས་མོས་བློ་རུ་བབས་པའི་མི་དེ་ཅི་ལ་མིན། ཨ་ཅེའི་རྟེན་འབྲེལ་གཉེན་སྟོན་གྱི་དུས་བཟང་ལ་མིག་ཆུ་མེད་ལ། སྐྱོ་ཡུས་ནི་དེ་བས་ཀྱང་ཡོད་མི་སྲིད། ཡོད་པ་ནི་ཕ་མ་དང་ཉེ་དུ་ཀུན་གྱི་སྨོན་འདུན་འཁུར་ཞོར། ཞེ་ལ་ཡང་ཡང་ཐོགས་པའི་གཞིས་ཁྱིམ་འདི་དང་འབྲལ་མི་འདོད་པའི་གཉོམ་དུང་དུང་གི་སེམས་རྩ་འཁྱག་པོ་དེ་ཡིན་ངེས།
སྙིང་ཉེ་བའི་མི་ལགས། སྙིང་ཉེ་བའི་མི་དང་གཉེན་སྟོན་འདི་བརྒྱུད་ནས་བདེ་བའི་ཉི་མ་ཤར།སྐྱིད་པའི་ཟླ་བ་ཚེས། མཐུན་པའི་སྐར་ཚོགས་བཀྲ་ཞིང་། མི་ཡི་བསོད་ནམས་འདུ། བརྩེ་དུང་གི་ལྗོན་པ་རྒྱས། མཛའ་གཅུགས་ཀྱི་མེ་ཏོག་བཞད་ཅིང་།རིགས་རྒྱུད་ཀྱི་འབྲས་བུ་སྨིན་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །