ཟླ10བའི་ཚེས12ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལམ་ལུགས་ཀྱི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས། སྤྱི་བསྒྲགས་ཁྲོད་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལག་བསྟར་བྱས་པའི་རིང་གི་བྱེད་སྟངས་ཕན་འབྲས་དང་ཉམས་མྱོང་གོ་རྟོགས་ཕྱོགས་ནས་ལེགས་སྒྲིག་དང་ཁྱབ་བསྒྲགས་བྱས།
སྤྱི་བསྒྲགས་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། རྨ་ཆུའི་ཆུ་མགོ་ཡག་གི་གཙང་ལེ་དང་འབྲི་ཆུའི་མགོ་ཁུངས་སྐུ་ལྷ་མདའ་མདུང་། འདམ་ཆུ་ཁྱབ་ཁོངས་ཆ་ཚང་ངང་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ཁྲོད་བཅུག་པ་དང་། རི་སྐྱེས་སྲོག་ཆགས་གལ་ཆེན་འཚོ་སྡོད་བྱེད་ས་ཡོངས་རྫོགས་ལྟེ་བའི་སྲུང་སྐྱོང་ཁུལ་དུ་བཅུག ས་ཁུལ་དབྱེ་འབྱེད་ཁྱབ་ཁོངས་དེ་ཚོད་ལྟའི་དུས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི12.31ནས་ད་ལྟའི་སྤྱི་ལེ་གྲུ་བཞི་མ་ཁྲི19.07བར་ལེགས་སྒྲིག་བྱས་ནས། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ས་མཚམས་ཐིག་ལེན་གྱིས་ཐོ་རྟགས་འཛུགས་པའི་རྣམ་གྲངས་ལག་བསྟར་ཇུས་གཞི》དང་ས་མཚམས་ཐིག་ལེན་གྱིས་ཐོ་རྟགས་འཛུགས་པའི་ས་ཁྲ་བཟོ་བའི་ལས་དོན་ཐོག་མར་ལེགས་འགྲུབ་བྱུང་།
ཚོད་ལྟའི་ཚུན་དུ། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དུས་རིམ་དང་པོ་དང་གཉིས་པའི་བཟོ་སྐྲུན་གྱི་རྨང་གཞིའི་སྟེང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར62བཏང་སྟེ། སྔ་རྗེས་སུ་གླིང་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་དང་སྐྱེ་ཁམས་སྲུང་སྐྱོང་མ་ལག་གི་ཞིག་གསོ་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས། དུས་མཉམ་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་སྤྱི་གླིང་ཁྲོད་ཚུད་མེད་པའི་སྲུང་སྐྱོང་བྱེ་བྲག་ཁུལ10བོ་ཚང་མ་སྐྱེ་ཁམས་ཐིག་དམར་ཁྲོད་བཅུག གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མིའི་རིགས་འགུལ་སྐྱོད་སྤེལ་སའི་རྗེས་ཤུལ་འགུལ་རྣམ་ལྟ་ཞིབ་དོ་དམ་སྟེགས་བུ་དང་། མིའི་རིགས་འགུལ་སྐྱོད་ཀྱི་ཅོག་ཐོ་བཙུགས་པ་དང་འཐུས་ཚང་དུ་བཏང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་གྲངས་འཛིན་ཆེན་མོའི་ལྟེ་གནས་དང་གཙང་གསུམ་འབྱུང་ཡུལ་གཙོ་གནད་སྐྱེ་ཁམས་ཁྱབ་ཁོངས་ལ་ཁེབས་པའི“གནམ་ས་གཅིག་དྲིལ་ཅན”གྱི་ལྟ་ཞིབ་དྲ་རྒྱའི་མ་ལག་བཙུགས་པ་དང་། ཐོན་ཁུངས་མ་གཞིའི་གཞི་གྲངས་སྟེགས་བུ་བཙུགས་པ་མ་ཟད། རང་བྱུང་ཐོན་ཁུངས་མ་གཞིའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ལ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་མ་གཞིའི་ཞིབ་བཤེར་བྱ་བའི་སྙན་ཞུ》ལེགས་འགྲུབ་བྱུང་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་དངོས་རིགས་མིང་ཐོ་ཐོག་མར་གྲུབ་པ་རེད།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཕན་འབྲས་དུས་རིམ་རང་བཞིན་གྱི་ཕྱོགས་བསྡུས་དཔྱད་དཔོག་སྙན་ཞུ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་དག་སྔར་ལས་ལྷག་པའི་སྲུང་སྐྱོང་དང་ཉམས་གསོ་ཐོབ་ནས། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལ་མཐོར་འདེགས་བྱུང་། སྐྱེ་ཁམས་བྱེད་ནུས་སྲ་བརྟན་དུ་གྱུར་ནས། ལྟག་ཆུ་གསོག་འཛིན་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱི་འཕར་ཚད6%ཡན་ཟིན་པ་དང་། རྩྭ་ཐང་གི་ཁྱབ་ཚད་དང་རྩྭའི་ཐོན་ཚད་སོ་སོར་ལོ་བཅུའི་སྔོན་དང་བསྡུར་ན11%དང30%ཡན་ཇེ་མཐོར་སོང་ཡོད། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་གྱུར་ནས། གཙོད་ཀྱི་གྲངས་ཀ་དུས་རབས20པའི་ལོ་རབས80པའི་ཁྲི2ལྷག་ལས་མེད་པ་ནས་ཁྲི7ལྷག་ལ་སླར་གསོ་བྱུང་ཡོད་ཅིང་། སྔོན་ཆད་མཐོང་དཀོན་པའི་གསའ་དང་གཟིག ཆུ་སྲམ་སོགས་ཡང་ཡང་མངོན་ནས། གཡུ་དཀར་དང་རྩྭ་གཡུ། ཤྭ་སྐྱ། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་ཀྱང་རྒྱུན་དུ་མཐོང་ཐུབ་པ་རེད། །