འདི་ནི་གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་12ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་ལ་སྣེ་ལེན་ཞབས་འདེགས་དངོས་སུ་ཞུ་འགོ་ཚུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་བྱེད་པར་ཞབས་ཞུ་དང་འགན་ལེན་བྱ་རྒྱུ་རེད།
གསར་འགྱུར་ལྟེ་གནས་ཀྱི་བྱེད་ནུས་ཁུལ་པེ་ཅིང་མེ་ཏི་ཡ་ལྟེ་གནས་དང་པེ་ཅིང་དུས་རབས་གསར་པའི་རི་ཧང་གསོལ་མགྲོན་ཁང་དུ་བཙུགས་ཡོད། བཅའ་སྡོད་བྱ་ཡུལ་དུ་གསར་འགོད་པའི་སྣེ་ལེན་ཁུལ་དང་། གསར་འགྱུར་ཡོངས་བསྒྲགས་ཁུལ། གསར་འགོད་པའི་ལས་སྒྲུབ་ཁུལ། སྨྱན་སྦྱོར་ལས་སྒྲུབ་ཁུལ། དཔྱད་ཡིག་ཞབས་ཞུ་ཁུལ། བརྙན་ལམ་བཅར་འདྲི་ཁང་། རླུང་འཕྲིན་བརྙན་འཕྲིན་བརྡ་རྟགས་ཞབས་ཞུ་ཁང་། དྲ་རྒྱའི་ཞབས་ཞུ་ཁང་། པར་རིས་ཞབས་ཞུ་ཁང་སོགས་བཙུགས་ནས་གསར་འགོད་པར་གསར་འགྱུར་བཅར་འདྲི་དང་། དཔྱད་ཡིག་འདྲི་རྩད། སྤྱི་པའི་རླུང་འཕྲིན་བརྙན་འཕྲིན་བརྡ་རྟགས་སོགས་ཐད་ཀྱི་ཞབས་ཞུ་དང་འགན་ལེན་བྱས་ཡོད།
ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་གསར་འགྱུར་ལྟེ་གནས་ཀྱིས་ས་གནས་ས་ཐོག་གི་བཅར་འདྲི་དང་། དྲ་རྒྱའི་བརྙན་ལམ་བཅར་འདྲི། ཡིག་ཐོག་བཅར་འདྲི་སོགས་བྱ་ཐབས་སྣ་ཚོགས་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྣ་མང་ཕུན་སུམ་ཚོགས་པ་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། ཚོགས་ཆེན་འཚོག་རིང་། གསར་འགྱུར་ལྟེ་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་ཚོགས་ཆེན་གྱི་གྲོས་རིམ་གལ་ཆེན་ཁག་གཅིག་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་སྒྲིག་འཛུགས་དང་། ཏང་གི་འཐུས་མིའི་བགྲོད་ལམ་གྱི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། གསར་འགོད་པའི་སྣེ་ལེན་ཚོགས་འདུ། མཉམ་སྡེབ་བཅར་འདྲི་བཅས་ཐེངས་མང་སྒྲིག་འཛུགས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་པེ་ཅིང་གྲོང་ཁྱེར་དུ་ལྟ་སྐོར་དང་བཅར་འདྲི་སྒྲིག་འཛུགས། ཕྱི་རྒྱལ་གྱི་གསར་འགོད་པས་ཚོགས་ཆེན་གྱི་འཐུས་མི་རེ་གཉིས་ལ་བཅར་འདྲི་བྱེད་པར་མཐུན་སྦྱོར་དང་བཀོད་སྒྲིག་སོགས་བྱ་རྒྱུ་རེད། གསར་འགྱུར་ལྟེ་གནས་ཀྱིས་དྲ་རྒྱའི་བརྙན་ལམ་བཅར་འདྲིའི་མ་ལག་ཆེད་མངགས་བཙུགས་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་དུས་རབས་གསར་པའི་རི་ཧང་གསོལ་མགྲོན་ཁང་ནས་དྲ་རྒྱའི་བརྙན་ལམ་གྱི་ཆེད་སྐུད་བརྒྱུད། མི་དམངས་ཚོགས་ཁང་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དང་། མེ་ཏི་ཡ་ལྟེ་བའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན། དེ་བཞིན་འཐུས་མི་ཚོགས་པ་ཁག་གི་བཞུགས་གནས་ཀྱི་བརྙན་ལམ་བཅར་འདྲི་ཁང་བཅས་དང་སྦྲེལ་མཐུད་བྱས་ཏེ་བཅར་འདྲི་བྱེད་ཆོག་གི་ཡོད། ད་དུང་གསར་འགྱུར་ལྟེ་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཞག་སྡོད་དང་འགྲིམ་འགྲུལ་གྱི་ཞབས་ཞུ་བསྒྲུབས་ནས་གསར་འགོད་པ་ཚོ་གསར་འགྱུར་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི་བཅར་འདྲི་གལ་ཆེན་ལ་ཞུགས་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།
ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་དེ་བཞིན་འབྲེལ་ཡོད་ལས་སྟེགས་ཀྱི་ཨང་རྟགས་ཤར་གཏོང་བྱས་ཡོད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་གསར་འགྱུར་ལྟེ་གནས་ཀྱི་ཞབས་ཞུའི་ནང་དོན་དང་བྱ་ཐབས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་མ་ཟད། ད་དུང་གཞུང་ཕྱོགས་དྲ་ཚིགས་ཀྱི“གསར་འགོད་པའི་ཆེད་འཛུགས་ཁུལ”བརྒྱུད་བཅར་འདྲི་བྱེད་པའི་དཔྱད་གཞི་དེ་བས་མང་བ་ཐོབ་ཐུབ། གསར་འགྱུར་ལྟེ་གནས་ཀྱིས་ད་དུང་ཕྱི་རྒྱལ་གྱི་གསར་འགོད་པར་ཐོ་འགོད་མ་ལག་དང་འཐུས་མིར་བཅར་འདྲི་དང་ལེན་ཞུ་བའི་མ་ལག་བཙུགས་ནས་ཕྱི་རྒྱལ་གྱི་གསར་འགོད་པས་ཚོགས་ཆེན་ལ་བཅར་འདྲི་ཞུ་རྒྱུར་མིང་ཐོ་འགོད་པ་དང་དེ་བཞིན་ཚོགས་ཆེན་གྱི་འཐུས་མིས་བཅར་འདྲི་དང་ལེན་ཞུ་བར་སྟབས་བདེ་བསྐྲུན་ཡོད།