ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་བྱས་པ།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
■ དུས་རབས་གསར་པ་དང་། རྒྱང་ལམ་གསར་པ། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་གིས་མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། རིམ་གྲས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་འགྲིལ་གང་ཐུབ་དང་། སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་ཀྱི་བསམ་པ་བཅས་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།
■ དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་དམིགས་ནས་བཀོད་པའི་བརྗིད་ཆེའི་འཆར་གཞི་དང་། གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད། གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་བཅས་ལ་དམིགས་ཏེ། བསམ་བློ་གཅིག་ལ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་དང་། སྤྱི་ཚོགས་ཀྱི་འགལ་བ་སེལ་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཁྲོད་རང་སོ་སོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་བཏང་སྟེ་ཆབ་སྲིད་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་དང་བསམ་བློ་གཅིག་མཐུན་དང་། རྒྱལ་གཅེས་དམངས་ཆེད། མཉམ་ལས་ཧུར་ཐག ལས་བཀུར་ལེགས་འབུལ་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་རབས་གསར་པ་དང་། རྒྱང་ལམ་གསར་པ། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་གིས་མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། རིམ་གྲས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་འགྲིལ་གང་ཐུབ་དང་། སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་ཀྱི་བསམ་པ་བཅས་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དབང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། ཁོང་གིས་ཏང་ཕྱིའི་མི་སྣས་གང་བསམ་ལྷུག་གླེང་དང་ལྷག་བསམ་རྣམ་དག་གིས་ཡང་དག་གནས་འཕིགས་ཀྱི་ལྟ་ཚུལ་བཏོན་ཏེ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་རྒྱུའི་ཐུགས་རེ་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཞའོ་ཀོང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ཧུང་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་ཚོས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་5དང་དུས་རབས་གསར་པའི་ལོ་བཅུའི་རིང་ནི་ཧ་ཅང་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་གནང་ནས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་གཅིག་རྗེས་གཉིས་མཐུད་ཀྱི་ཉེན་ཁ་དང་འགྲན་སློང་ཧ་ཅང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ་དང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་སྐྱོད་ལ་སྐུལ་འདེད་བཏང་བ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལེའུ་ཞིག་བརྩམས་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་མ་ཟིན་ནང་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འཕོ་འགྱུར་གྱི་མཐོ་ཚད་ཐོག་ནས། འབྱུང་འགྱུར་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་དང་མཛད་ཇུས་གལ་ཆེན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། ཁོང་ཚོས་ད་དུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་བཤད་མ་ལག་འཛུགས་པ། འཁོར་རྒྱུག་ཟུང་གི་གནས་བབ་འོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་བ། འཐབ་ཕྱོགས་གཅིག་གྱུར་དང་སྲིད་ཏང་ལམ་ལུགས་གསར་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བསམ་བློ་ཆབ་སྲིད་ལས་དོན་ལེགས་པོ་སྒྲུབ་པ། རང་རྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། གསར་གཏོད་རྣམ་པའི་ཁེ་ལས་མཁས་ཅན་གསོ་སྐྱོང་བྱེད་པ། མཐོ་སློབ་ཀྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཕྲོད་བསྟེན་གྲོན་དངུལ་བརྟན་དུ་གཏོང་བའི་ལམ་སྲོལ་འཛུགས་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་ལས་དོན་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམ་པ་བཅས་ཀྱི་ཚོགས་ཆེན་གྱི་སྙན་སྒྲོན་གྱི་འཆར་ཟིན་འགོད་ཆེད་ང་ཚོས་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་པ། བསམ་འཆར་རྒྱ་ཁྱབ་ངང་ཉན་པ། ཕྱོགས་ཁག་གི་བློ་གྲོས་གཅིག་ཏུ་བསྡུས་པ་བཅས་བྱས་ཡོད། ཏང་ཕྱིའི་མི་སྣས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུ་དེ་ནི་ཆབ་སྲིད་གྲོས་མོལ་གྱི་ནང་དོན་གལ་ཆེན་ཞིག་རེད་ལ། ཏང་ཕྱིའི་མི་སྣས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཆེད་ཐབས་འདོན་ཇུས་འབུལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་དང་། གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད། གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་བཅས་ལ་དམིགས་ཏེ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་དང་། སྤྱི་ཚོགས་ཀྱི་འགལ་བ་སེལ་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཁྲོད་རང་སོ་སོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་བཏང་སྟེ་ཆབ་སྲིད་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་དང་བསམ་བློ་གཅིག་མཐུན་དང་། རྒྱལ་གཅེས་དམངས་ཆེད། མཉམ་ལས་ཧུར་ཐག ལས་བཀུར་ལེགས་འབུལ་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་དགོས་པའི་ཐུགས་རེ་ཟབ་མོ་གནང་བ་རེད།