གནད་འགག་ཚིག་གི་ཐོག་ནས་མ་འོངས་པར་ཅི་ཞིག་བསྒྲུབ་དགོས་ཚུལ་གཟིཊ།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-18


  མ་འོངས་པར་ལས་དོན་གང་འདྲ་བསྒྲུབ་དགོས་སམ་ཞེ་ན། ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གི་གནད་འགག་ཚིག་འདི་དག་གསལ་པོ་མཁྱེན་དགོས།

ལྟེ་བའི་ལས་འགན།

    ད་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དེ་རེད།  

ཀྲུང་གོའི་རྣམ་པའི་དེང་རབས་ཅན།

    ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། དེར་རྒྱལ་ཁབ་ཁག་དེང་རབས་ཅན་དུ་འགྱུར་བའི་ཐུན་མོང་གི་ཁྱད་ཆོས་ཡོད་ལ། དེ་བས་ཀྱང་རང་ཉིད་ཀྱི་རྒྱལ་ཚུལ་རྨང་གཞིར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡོད།  

གོམ་སྟབས་གཉིས་ལ་དབྱེ་ནས་བསྐྱོད་རྒྱུ།

     སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ནི་གོམ་སྟབས་གཉིས་སུ་དབྱེ་ནས་བསྐྱོད་རྒྱུ་སྟེ། 2020ལོ་ནས་2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་རྒྱུ་ཡིན། འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན།

གལ་ཆེའི་ལས་འགན་ཨང་དང་པོ།

     སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན། གོང་འཕེལ་གཏོང་རྒྱུ་ནི་ཏང་གིས་སྲིད་འཛིན་པ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་གལ་ཆེའི་ལས་འགན་ཨང་དང་པོ་ཡིན།

རྩ་དོན་གལ་ཆེན།

     མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་དག་དམ་འཛིན་ནན་པོ་བྱ་དགོས་པ་སྟེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས་པ་དེ་རེད།

ཤུགས་རྒྱག་ས།

     དཔལ་འབྱོར་གོང་འཕེལ་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཟུགས་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཐོག རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་ཐད་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་ཐད་ཀྱི་རྒྱལ་ཁབ་སྟོབས་ཆེན། མཁའ་སྐྱོད་ཐད་ཀྱི་རྒྱལ་ཁབ་སྟོབས་ཆེན། འགྲིམ་འགྲུལ་ཐད་ཀྱི་རྒྱལ་ཁབ་སྟོབས་ཆེན། དྲ་སྦྲེལ་ཐད་ཀྱི་རྒྱལ་ཁབ་སྟོབས་ཆེན། གྲངས་འཛིན་ཀྲུང་གོ་བཅས་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དེ་རེད།

བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ།

     བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། དེ་ནི་ཆེས་རྒྱ་ཆེ་བ་དང་། ཆེས་དོན་དངོས། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་དམངས་གཙོ་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་ཁྱོན་ཆེ་རུ་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་བྱེད་པར་འགན་ལེན་བྱ་དགོས།

ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།

     ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་དམ་ནན། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས།

     དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ། མི་རིགས་དང་ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་གོང་འཕེལ་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། 

བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།

     བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་ཞིང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་རྒྱུ་མཐའ་འཁྱོངས་དང་། ལས་མང་ཐོབ་མང་མཐའ་འཁྱོངས། ལས་བརྩོན་ཕྱུག་འགྱུར་ལ་སྐུལ་ལྕག གོ་སྐབས་འདྲ་མཉམ་ཡོང་བར་སྐུལ་འདེད། ཡོང་འབབ་དམའ་བའི་ཡོང་འབབ་མང་དུ་གཏོང་བ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་རྒྱ་སྐྱེད་གཏོང་བ། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་བཟོ་བ། རྒྱུ་ནོར་གསོག་འཇོག་གི་ནང་རྐྱེན་ཚད་ལྡན་དུ་གཏོང་བ་བཅས་བྱ་དགོས།

ནུས་རྒྱུ་གསར་པའི་མ་ལག

     རང་རྒྱལ་གྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་རྐང་ཚུགས་པ་དང་། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་རྒྱུ་མཐའ་འཁྱོངས། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེ་གྲངས་ལ་སླེབས་པའི་བྱ་སྤྱོད་སྤེལ་བ། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ། རྡོ་སོལ་དྭངས་གཙང་དང་ཕན་འབྲས་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་གསར་པའི་མ་ལག་གང་མགྱོགས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱ་དགོས།

ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ།

     ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་དང་། བདེ་འཇགས་ཀྱི་གནས་བབ་གསར་པར་བརྟེན་ནས་གོང་འཕེལ་གྱི་གནས་བབ་གསར་པར་འགན་སྲུང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པ། འབྲུ་རིགས་དང་། ནུས་རྒྱུའི་ཐོན་ཁུངས། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གལ་ཆེན་བཅས་བདེ་འཇགས་ཡོང་བར་འགན་ལེན་བྱེད་པ། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་ཕྱི་རྒྱལ་དུ་ཡོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས། 

འཐབ་ཇུས་ཟིལ་ཤུགས་མ་ལག

     ང་ཚོས་དམག་སྦྱོང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མི་དམངས་དམག་དཔུང་གིས་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་བ། དམག་དོན་འཐབ་ཇུས་ཀྱི་ཁྲིད་སྟོན་གསར་གཏོད་བྱེད་པ། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་གོང་འཕེལ་གཏོང་བ། འཐབ་ཇུས་ཀྱི་ཟིལ་ཤུགས་དང་སྟོབས་ཤུགས་ཀྱི་མ་ལག་ཆེན་པོ་གཏོད་པ། ས་ཁོངས་གསར་པ་དང་སྤུས་ཚད་གསར་པའི་དམག་འཐབ་སྟོབས་ཤུགས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱ་དགོས།

ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ།

     དུས་རབས་ཀྱིས་ང་ཚོར་འབོད་བརྡ་གཏོང་བ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གཏོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པར་རང་རྒྱལ་གོང་འཕེལ་དང་སྟོབས་ཆེར་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྒྱུགས་སྤྲོད་ལམ་བུ་གསར་པའི་ཐོག་ཡག་པོ་བསྐྱོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ་བཅས་བློ་ལ་བརྟན་པོར་ངེས་དགོས།

འཐབ་ཇུས་རང་བཞིན་གྱི་ལས་ཀ

     ཏང་ཡོངས་ཀྱིས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཐོག ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུར་དྲག་ཆས་སྤྲས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལ་བརྟེན་ནས་གཞོན་ནུར་འབོད་སྐུལ་བྱེད་པ། གཞོན་ནུ་ཚོའི་གྲོགས་པོ་བློས་ཐུབ་དང་། སེམས་རྩ་འཁོལ་བའི་གཞོན་ནུའི་ལས་དོན་སྒྲུབ་མཁན། གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ་བཅས་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1