སྤྱི་ཟླ་10པའི་ཚེས་19ཉིན། གསར་འགོད་པས་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་སྔོན། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་མཉམ་འབྲེལ་སྒོས《རྒྱལ་ཡོངས་ཀྱི་ན་འདམ་སྲུང་སྐྱོབ་འཆར་འགོད(2022ལོ་ནས་2030ལོའི་བར)》པར་འགྲེམས་བྱས། 《འཆར་འགོད》ནང་ན་འདམ་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་30ལག་བསྟར་བྱ་རྒྱུ་བཏོན་པ་དང་། དེའི་ཁྲོད་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྩྭ་ཐང་ན་འདམ་གྱི་ཆུ་འགོ་གསོ་སྐྱོང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་ཚུད་ཡོད་པ་རེད། རྣམ་གྲངས་དེའི་འཛུགས་སྐྲུན་གྱི་སྤྱིའི་མ་དངུལ་སྔོན་རྩིས་ལྟར་ན་བསྡོམས་པས་སྒོར་དུང་ཕྱུར་5ཙམ་བཏང་ཟིན་ཞིང་། འཛུགས་སྐྲུན་དུས་ཡུན་ནི་2022ལོ་ནས་2024ལོའི་བར་ཡིན་པ་དང་ལོ་འཁོར་དབྱེ་ནས་ལག་བསྟར་བྱ་རྒྱུ་རེད།
ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྣམ་གྲངས་རབ་དང་རིམ་པའི་གྲས་ཤིག་ཡིན། འཛུགས་སྐྲུན་བྱེད་རྒྱ་དེ་རྔ་བ་ཁུལ་གྱི་མཛོད་དགེ་རྫོང་དང་། ཧུང་ཡོན་རྫོང་། རྔ་བ་རྫོང་བཅས་རྫོང་ཁག་གསུམ་དང་འབྲེལ་བ་ཡོད་དེ། མཛོད་དགེ་རྩྭ་ཐང་ན་འདམ་གྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་རི་རྒྱུད་དང་། རང་བྱུང་སྲུང་སྐྱོབ་ཁུལ། ཆུ་བོ། འགྲིམ་འགྲུལ་སོགས་བར་སྟོང་གི་རྒྱུ་རྐྱེན་གཙོ་བོར་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། ས་ཁོངས་ནང་གི་ནགས་ཁུལ་དང་། རྩྭ་ཐང་། ན་འདམ། བྱེ་འགྱུར་ཁུལ་བཅས་ཀྱི་སྐྱེ་ཁམས་གནས་ཚུལ་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་དམར་ཐིག་གི་བླང་བྱར་གཞིར་བཟུང་སྟེ། བསྡོམས་པས་བཅོས་སྐྱོང་ཚན་པ་7ལ་དབྱེ་ཡོད། རྣམ་གྲངས་དེས་ན་འདམ་གྱི་སྐྱེ་ཁམས་མ་ལག་དང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག །བྱེ་འགྱུར་ས་ཁུལ་དང་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་སོགས་ཕྱོགས་བཞིའི་ཐད་ནས་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་ཡིན། རྣམ་གྲངས་དེ་ལག་བསྟར་བྱས་པར་བརྒྱུད་ན་འདམ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་མུའུ་ཁྲི་53ཟིན་རྒྱུ་དང་། ན་འདམ་ཉམས་གསོའི་རྣམ་གྲངས་ཁུལ་གྱི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་85%ཡན་ཟིན་རྒྱུ། ཆུ་གསོག་ནུས་པ་15%ཡན་འཕར་རྒྱུ། གད་སྙིགས་གཙང་སེལ་བྱེད་ཚད་95%ཡན་ཟིན་རྒྱུ། རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི་84བཅོས་སྒྲིག་བྱ་རྒྱུ། ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་84%ཙམ་ཟིན་རྒྱུ། ས་ངོས་ཀྱི་སྐྱེ་དངོས་གྲངས་འབོར་བརྒྱ་ཆའི་གྲངས་5འཕར་རྒྱུ། བྱེ་འགྱུར་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི་8.6ཟིན་རྒྱུ། ས་ཁོངས་ནང་གི་བཅོས་སྐྱོང་བྱེད་ཆོག་པའི་བྱེ་འགྱུར་རྩྭ་ཐང་7%ཙམ་བཅོས་སྐྱོང་དང་ཉམས་གསོ་ནུས་ལྡན་བྱ་རྒྱུ་དང་། བྱེ་འགྱུར་ས་ཆའི་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆའི་གྲངས་15མཐོ་རུ་ཕྱིན་རྒྱུ། རི་རྒྱ་ནགས་གསོ་མུའུ་ཁྲི་10.1བྱ་རྒྱུ་ཡིན་པ་དེ་ཉམས་གསོའི་སྔོན་དང་བསྡུར་ན་ནགས་ཚལ་སྒོ་རྒྱག་ཚད་ལས་བརྒྱ་ཆའི་གྲངས་2མཐོ་རུ་ཕྱིན་རྒྱུ་རེད། ། (རྣམ་དཀར་ལྷ་མོས་བསྒྱུར།)