ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་24ཉིན་གྱི་ཕྱི་དྲོ་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་ནན་ཏན་བྱས་ཏེ། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་བཅས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་5ནི་རང་དམག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་རྒྱུན་ལྡན་གཏན་ནས་མིན་པ་དང་། སྤྱིར་བཏང་གཏན་ནས་མིན་པའི་ལོ་5ཡིན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དམག་ཡོངས་ཀྱི་སྣེ་ཁྲིད་དེ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། འཐབ་རྩོད་བྱེད་ཀྱིན་དུ་དམག་གྲ་སྒྲིག་པ་དང་འཛུགས་སྐྲུན་བྱས་པས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་འཕོ་འགྱུར་གལ་ཆེན་རབ་དང་རིམ་པ་བྱུང་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་སྐབས་གོང་མའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་བོ་ཕྱོགས་སྡོམ་གནང་ཡོད། ཁོང་གིས། ལོ་ལྔའི་རིང་། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་སྦྱོང་སྒྲིག་མུ་མཐུད་ཟབ་སྤེལ། དམག་དོན་གྱི་འཐབ་ཇུས་མཛུབ་སྟོན་གསར་གཏོད། སྟབས་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ། དམག་སྦྱོང་དམག་གྲབས་གཏིང་ཟབ་ཏུ་སྤེལ་བ། འཆར་འགོད་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་སྤེལ། རྒྱལ་སྲུང་ཚན་རྩལ་གསར་གཏོད་མགྱོགས་སུ་བཏང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ། སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་གཏོང་གིས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་གཏོད་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་ཆེར་བཏང་བས། རང་དམག་གི་དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་ཡང་མདུན་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་ཐུབ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མཇུག་སྒྲིལ་མ་ཐག་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་དང་། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་རང་དམག་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་མགྱོགས་མྱུར་འགྱུར་བར་བྱེད་པའི་ཐད་ལའང་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་བྱ་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས། དམག་ཡོངས་བཅས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་བྱེད་པའི་དོན་ཆེན་འདི་དམ་འཛིན་ལེགས་པོ་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་བྱ་གཙོ་བོར་རྩེ་གཅིག་ཏུ་དམིགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་སོགས་ཡིག་ཆ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས། དེའི་ཁྲོད་ཀྱི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། དམག་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རང་དམག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པར། གཙོ་གནད་དང་ཤུགས་རྒྱག་ས་དེ་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་ཐོག་འཇོག་དགོས། འདི་ནི་འབྱུང་འགྱུར་ལོ་ལྔའི་ནང་རང་དམག་འཛུགས་སྐྱོང་བྱེད་པའི་ལྟེ་བའི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་དུས་བཀག་ལྟར་ལས་འགན་ལེགས་སྒྲུབ་ཐུབ་པ་བྱེད་དགོས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་གོ་བ་ལོན་པ་དང་ངོས་འཛིན་གཏིང་ཟབ་བྱས་ནས། གོ་བ་ལོན་པ་དང་ཁོང་དུ་ཆུད་པ་དངོས་སུ་སྒྲུབ་པ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། དེ་དག་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བ་བྱེད་དགོས། ཡར་བརྩོན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕོ་འགྱུར་བྱེད་ཕོད་པ་དང་འགག་སྒྲོལ་དཀའ་སེལ་ཁྲོད་གསར་འབྱེད་མདུན་སྐྱོད་བྱེད་དགོས། དམ་པ་དོན་གཉེར་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ནས། ཕྲག་ཐོག་ཏུ་འཁུར་བའི་ལས་འགན་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་སྐབས་གསར་པའི་ཀྲུང་དབྱང་དམག་ཨུད་ཀྱི་ཁོངས་མི་གཏན་འཁེལ་བྱས་པ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་གི་ཁྱོན་ཡོངས་ལ་དམིགས་ནས་བཏོན་པའི་ཆབ་སྲིད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། དམག་ཨུད་ཀྱི་ཁོངས་མི་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། དམག་ཡོངས་ཀྱི་དཔོན་དམག་གི་རེ་སྒུག་བློ་ལ་བརྟན་པོར་ངེས་ཏེ། དམག་དོན་ཨུ་ལྷན་གྱི་ལས་དོན་ཧུར་ཐག་བསྒྲུབ་དགོས། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་། དམག་རྒྱག་མཁས་པ། གསར་གཏོད་བྱེད་མཁས་པ། དངོས་སྒྲུབ་ལ་མཐོང་ཆེན། རང་གཅུན་ནན་པོ་བཅས་བྱས་ནས་ཕྲག་ཐོག་གི་འགན་འཁྲི་ཡག་པོ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དམག་ཡོངས་ཀྱི་རིམ་པ་ཁག་གིས་དམག་ཨུད་ཀྱིས་གཏན་འཁེལ་བའི་བཀོད་སྒྲིག་ལྟར། འདི་ལོའི་ལོ་མཇུག་གོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལོ་འཁོར་གྱི་ལས་འགན་ཡག་པོ་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས། དུས་བབ་དང་ལས་འགན་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་ལོ་འཁོར་གསར་པའི་ལས་དོན་འཆར་འགོད་ཡག་པོ་བྱས་ནས། དུས་སང་གི་དམག་ཡོངས་ཀྱི་ལས་དོན་འགོ་ཡག་པོ་ཞིག་འཛུགས་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་། བློ་མཐུན་ཞུས་ཆི་ལེའང་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཡོངས་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།
རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའི་པུའུ་ཀྲང་གཅིག་ལྕོགས་ཝུའེ་ཧྥུང་ཧོ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལི་ཧྲང་ཧྥུའུ། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་། དེ་བཞིན་བློ་མཐུན་ལི་ཙུའོ་ཁྲེང་ཚོགས་འདུར་ཞུགས་པ་རེད། དམག་ཨུད་ལས་ཁུངས་ཀྱི་པུའུ་ཨུད་ཁག་དང་། དམག་ཨུད་ཀྱི་ཐད་གཏོགས་སྒྲིག་གཞི་ཁག དམག་ཨུད་ཀྱི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས། འཐབ་ས་ཁག དམག་རིགས་ཁག་གི་དཔུང་རིགས་ཁག དམག་ཨུད་ཀྱི་ཐད་གཏོགས་ཚན་པ་ཁག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།