སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་10པའི་ཚེས་25ཉིན་གྱི་ཕྱི་དྲོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བར་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་དང་འཐབ་ཇུས་ཀྱི་བཀོད་སྒྲིག་གཏན་འབེབས་བྱས་པ་དེ་ནི། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། ཏང་ཡོངས་ཀྱིས་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ལ་ཤུགས་རྒྱག་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ཧུར་ཐག་ངང་ལེན་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་སྐོར་གྱི་མྱོང་ཚོར་གླེང་བ་རེད། ཁོང་ཚོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཐོག མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་ལོ་ངོ་10ཡི་འཕོ་འགྱུར་རླབས་པོ་ཆེ་དང་དེའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་བྱེད་ཐབས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། ངེས་པར་དུ་ཁོང་དུ་ཆུད་དགོས་པའི་གལ་ཆེའི་རྩ་དོན་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་ཡོད་ཅིང་། 2035ལོར་སླེབས་སྐབས་རང་རྒྱལ་གོང་འཕེལ་གྱི་སྤྱིའི་དམིགས་ཚད་དང་འབྱུང་འགྱུར་ལོ་5ཡི་དམིགས་ཚད་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱང་སྐྱོད་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་ངང་གཏོད་དགོས་ཞེས་བསྟན་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་ནས་ཁོང་ཚོའི་བསམ་འཆར་ནན་ཏན་ངང་གསན་ཡོད།
ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་བྱེད་པར་སྣེ་ཁྲིད་ནས་དམ་འཛིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུའི་ཐད་ཤུགས་རྒྱག་དགོས། ཁྱོན་ཡོངས་དང་། རྒྱུད་རིམ་ལྡན་པ། སློབ་སྦྱོང་གཏིང་ཟབ་བཅས་བྱས་ཚེ། གཞི་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཆ་ཚང་དང་། ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་ཐུབ་པ་དང་། གང་ཞིག་ཡིན་པ་དང་། གང་ཞིག་བྱེད་པ། ཇི་ལྟར་སྒྲུབ་པ་བཅས་ཚང་མ་ཁོང་དུ་ཆུད་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ། ཐོག་མར་མ་ཡིག་ཀློག་ཅིང་རྩ་བའི་རིགས་པ་རྟོགས་དགོས། འགོ་ཁྲིད་ལས་བྱེད་པས་སྙན་ཞུ་ཇི་མ་ཇི་བཞིན་སློབ་སྦྱོང་བྱ་དགོས་པ་དང་། དུས་མཚུངས་སུ་ཚོགས་ཆེན་གྱི་སྙན་ཞུ་སློབ་སྦྱོང་བྱ་རྒྱུ་དེ་ཚོགས་ཆེན་གྱི་གསུང་བཤད་རབ་དང་རིམ་པ་དང་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་དང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས། དུས་རབས་གསར་པ་ཤར་ཚུན། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ནི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཡིན་པས། ང་ཚོའི་སློབ་སྦྱོང་ཡང་གསོན་ཉམས་ལྡན་པ་ཞིག་ཡིན་དགོས་པ་ལས། ཐ་སྙད་དང་བཤད་སྟངས་ཁ་ཤས་སེམས་ལ་ངེས་པ་ཙམ་གྱིས་མི་འགྲིག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལོ་འདི་དག་རིང་ང་ཚོས་བརྒྱུད་མྱོང་བའི་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་རྒྱུས་དང་ཟུང་འབྲེལ་བྱེད་པ། ང་ཚོས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ་བཅས་ཀྱི་ལག་ལེན་དངོས་དང་ཟུང་འབྲེལ་བྱེད་པ། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་བ་གཏིང་ཟབ་ཕྱིན་པ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་བྱེད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་སྐོར་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པའི་ཐད་ཤུགས་རྒྱག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཆབ་སྲིད་ཐད་ཀྱི་གཟིགས་རྒྱང་རིང་པོ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་དགོངས་པ་ཟབ་མོ་ཡོད་ལ། དམིགས་འབེན་ཐད་ཀྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ལས་ཀའི་ཐད་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ཀྱང་ཡོད་པས། དེ་དག་ནི་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་གཅིག་གྱུར་ཡིན། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་སྤྱི་དང་རྒྱལ་ནང་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཡོངས་ནས་ཆ་ཤས་དང་། ཆ་ཤས་ནས་སྤྱི་ཡོངས་ལ་བསམ་བློ་ཡང་ཡང་བཏང་ན། གཞི་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་དང་། ཕྱོགས་གཅིག་ཤེས་པ་ལས་ཕྱོགས་གཞན་མི་ཤེས་པ་སྔོན་འགོག་བྱེད་ཐུབ་ཅིང་། དོན་དེ་གང་ཡིན་རྟོགས་པ་ལས་རྒྱུ་མཚན་གང་ཡིན་མི་ཤེས་པ་སྔོན་འགོག་བྱེད་ཐུབ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཟུང་འབྲེལ་གཉིས་དང་རྒྱུན་འཁྱོངས་དྲུག་ལ་གོ་བ་གཏིང་ཟབ་བླངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ངོ་བོར་ངོས་འཛིན་ཡང་དག་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་ནང་དོན་གཏིང་ཟབ་དང་དོན་སྙིང་གལ་ཆེན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། རླབས་ཆེན་གྱི་འཕོ་འགྱུར་དེ་དག་གིས་ཏང་དང་། ཀྲུང་གོའི་མི་དམངས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱིས་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་གོང་འཕེལ་ལ་ཐེབས་པའི་ཤུགས་རྐྱེན་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ངེས་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་། འཐབ་ཇུས་ཀྱི་བཀོད་སྒྲིག འཐབ་ཇུས་ཀྱི་བྱེད་ཐབས་བཅས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་རྒྱུར་གོ་བ་གཏིང་ཟབ་ལེན་དགོས་ཤིང་། འཐབ་ཇུས་ཀྱི་བློ་སྤོབས་བརྟན་དུ་གཏོང་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། ངེས་པར་དུ་དམ་འཛིན་ནན་པོ་བྱེད་དགོས་པའི་གལ་ཆེའི་རྩ་དོན་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བར་གྱི་འབྲེལ་བ་ཤེས་རྟོགས་གང་ལེགས་ཐུབ་པ་བྱེད་པ་དང་། སྔ་མ་ནི་ཕྱི་མའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ཡིན་པ་ངོས་འཛིན་ཐུབ་པ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གི་ཚན་རིག་དང་མཐུན་པའི་རང་བཞིན་དང་ལྡོག་མེད་ཀྱི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རང་རྒྱལ་གོང་འཕེལ་གྱི་མདུན་དུ་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་དང་འབྲེལ་བ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་བྱེད་པའི་དཀའ་ཚེགས་ཆེ་བའི་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས། སྟོང་བཤད་བྱས་ན་རྒྱལ་ཁབ་ཕུང་། དངོས་སྒྲུབ་བྱས་ན་རྒྱལ་ཁབ་དར། བཀོད་སྒྲིག་ག་ཚོད་བྱས་ན་ཡང་། དོན་འཁྱོལ་མ་བྱས་སྟོང་པའི་རྒྱུ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་མི་བྱེད་པ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་ཏན་མ་བྱས་ཚེ། འཆར་འགོད་དང་བཀོད་སྒྲིག་གང་འདྲ་ཡག་པོ་ཞིག་ཡོད་རུང་ཚང་མ་སྟོང་བཤད་དུ་འགྱུར་རྒྱུ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་སྒྲིག་ཡོད་དགོས་པ་དང་། སྤྱིའི་དམིགས་འབེན་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་ཁོང་དུ་ཆུད་པའི་སྔོན་འགྲོའི་ཆ་རྐྱེན་འོག དམིགས་འབེན་དང་ལས་འགན་ཁག་ཞིབ་ཕྲ་བཟོ་བ་དང་། དམིགས་ས་ཡོད་པའི་སྒོ་ནས་དོན་འཁྱོལ་བྱ་རྒྱུའི་ཇུས་གཞི་ཞིབ་ཕྲ་འདོན་པ། དུས་ཚོད་རེའུ་མིག་དང་ལས་འགོ་འཛུགས་པའི་དཔེ་རིས་ཁ་གསལ་བཟོ་བ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་ངང་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་དམ་པ་དོན་གཉེར་བྱས་ནས་ཁག་བགོས་དོ་དམ་ཁྱབ་ཁོངས་སམ་ཡང་ན་གཙོ་འགན་འཁུར་སའི་ས་གནས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཏེ་གང་མགྱོགས་བྱ་སྤྱོད་སྤེལ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ནི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ཡོད་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་སོགས་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་དོན་འཁྱོལ་གྱི་ཇུས་གཞི་བཟོ་བ་དང་བླང་བྱ་ཁ་གསལ་བཏོན་ནས་མྱུར་ཚད་ལ་དམ་འཛིན་བྱ་དགོས་ལ། སྤུས་ཚད་ལ་དེ་བས་ཀྱང་མཐོང་ཆེན་བྱ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ནང་དུས་ཐུང་དང་། དུས་འབྲིང་། ཡུན་རིང་བཅས་ཀྱི་དམིགས་འབེན་ཡོད་པས། གལ་ཆེ་ཆུང་དང་དལ་བྲེལ་གྱི་དབྱེ་བ་ཕྱེ་ནས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ་གཙོ་གནད་འབུར་དུ་ཐོན་པ་ཡང་བྱ་དགོས། མིག་སྔར་དམ་འཛིན་ནན་པོ་བྱེད་དགོས་ལ་ཕུགས་ལའང་དམིགས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་ཅིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་ས་ཁུལ་དེ་རང་དང་སྡེ་ཁག་དེ་རང་གི་ལས་ཀ་དང་ལས་འགན་དུ་བསྒྱུར་བ་བྱེད་པ་དང་། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ། རང་ས་ཁུལ་དང་རང་སྡེ་ཁག་གི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ཐོག ཕྱོགས་གཅིག་ལ་གཟི་བརྗིད་བསྣན་དགོས་ལ། ཕྱོགས་ཡོངས་ལའང་གཟི་བརྗིད་བསྣན་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལྷག་པར་དུ་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྣེ་ཁྲིད་དེ་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། རང་ངོས་ཀྱི་འགན་འཁྲི་སྒྲུབ་པ་དང་ཁག་བགོས་དོ་དམ་གྱི་ལས་དོན་ལ་དམ་འཛིན་བྱེད་པ། དུས་མཚུངས་གོང་འོག་ཚང་མར་ལྟ་རྟོག་བྱ་རྒྱུར་དོ་སྣང་བྱས་ནས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་དང་། འགྲན་རྩོད་ལ་ཁ་གཏད་གཅོག་པ། གནོན་ཤུགས་ཐེག་ཐུབ་པ་བཅས་ཀྱི་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་ཕོད་པ། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་ཕོད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་ཐད་བཀོད་སྒྲིག་བྱ་རྒྱུ་ཡིན། འབྲེལ་ཡོད་སྡེ་ཁག་གིས་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ། སློབ་གྲྭ། དམག་སྒར། དཔལ་འབྱོར་སྒྲིག་འཛུགས་གསར་པ་དང་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གསར་པ། དྲ་ཚིགས་བཅས་སུ་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་)ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ནང་དོན་གཙོ་བོར་འཛིན་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ལས་བྱེད་པ་གཅིག་བསྡུས་ཐོག་རེས་སྐོར་སྦྱོང་བརྡར་གྱི་སྒྲིག་འཛུགས་བྱ་རྒྱུར་དམ་འཛིན་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ཏེ། གཅིག་ནས་ལས་དོན་དངོས་སྒྲུབ་མཁན་བྱ་དགོས་ལ། གཉིས་ནས་དྲིལ་བསྒྲགས་པ་ཞིག་ཀྱང་བྱས་ནས་སྣེ་ཁྲིད་དེ་སྒྲོག་སྦྱང་བྱ་དགོས། དགོངས་པ་དྲིལ་བསྒྲགས་ལས་དོན་སྡེ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། དགོངས་པ་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་དང་གོང་འཕེལ་འཐབ་ཇུས་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་གསུངས་ཡོད་པ་རེད།