དང་པོ། གཞུང་ཞབས་པར་གཤམ་གསལ་གྱི་ཆ་རྐྱེན་ཁག་འཛོམས་དགོས།
1. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་དགོས།
2. ལོ་ན་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་དགོས།
3. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱ་དགོས།
4. སྤྱོད་ལམ་ཀུན་སྤྱོད་བཟང་པོ་ལྡན་དགོས།
5. རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་ཐུབ་པའི་གཟུགས་པོའི་ཆ་རྐྱེན་ཚང་དགོས།
6. གོ་གནས་ཀྱི་བླང་བྱ་དང་མཐུན་པའི་རིག་གནས་ཆུ་ཚད་དང་ལས་ཀའི་འཇོན་ཐང་ཡོད་དགོས།
7. བཅའ་ཁྲིམས་ཀྱི་ཆ་རྐྱེན་གཞན་དག་འཛོམས་དགོས།
གཉིས་པ། གཞུང་ཞབས་པས་གཤམ་གསལ་གྱི་འོས་འགན་ཁག་སྒྲུབ་དགོས།
1. མིག་དཔེ་ལྡན་པའི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ཞུ་དགོས།
2. གཏན་འཁེལ་གྱི་དབང་ཚད་དང་གོ་རིམ་ལྟར་འགན་འཁྲི་ནན་སྒྲུབ་པ། ཧུར་ཐག་གིས་ལས་ཕྱོད་ཆེ་རུ་གཏང་དགོས།
3. བློ་གཅིག་སེམས་གཅིག་གི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།
4. རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱ་དགོས།
5. ལྷག་བསམ་རྣམ་དག རང་འགན་འབད་སྒྲུབ། གོང་རིམ་ནས་ཁྲིམས་ལུགས་གཞིར་བཟུང་གཏན་འཁེལ་བྱས་པའི་གཏན་འབེབས་དང་བཀའ་བཀོད་རིགས་བརྩི་བཀུར་དང་ལག་བསྟར་བྱ་དགོས།
6. རྒྱལ་ཁབ་ཀྱི་གསང་བ་དང་ལས་ཀའི་གསང་བ་སྲུང་དགོས།
7. སྒྲིག་ལམ་སྲུང་བ། ལས་རིགས་ཀུན་སྤྱོད་དམ་སྲུང་བྱ་བ། མིག་དཔེ་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་སྤྱི་བའི་སྤྱོད་བཟང་དམ་སྲུང་བྱ་དགོས།
8. སྤྱོད་པ་གཙང་ཞིང་གཞུང་དྲང་པ། དྲང་པོ་དྲང་བཞག་བྱ་དགོས།
9. ཁྲིམས་བཅད་ཀྱི་འོས་འགན་གཞན་དག་སྒྲུབ་དགོས།
གསུམ་པ། གཞུང་ཞབས་པས་ལོངས་སུ་སྤྱོད་ཆོག་པའི་དབང་ཆ་ཁག
1. འགན་འཁྲི་བསྒྲུབ་རྒྱུར་འཛོམས་དགོས་པའི་ཆ་རྐྱེན་འཐོབ་པ།
2. ཁྲིམས་བཅད་ཀྱི་ཆ་རྐྱེན་མེད་པ་དང་ཁྲིམས་བཅད་ཀྱི་གོ་རིམ་མ་བརྒྱུད་པར་གནས་དབྱུང་མི་གཏོང་བ་དང་གོ་ས་མི་འབེབས་པ། ཕྱིར་སློག་མི་བྱེད་པའམ་ཡང་ན་ཆད་པ་མི་གཅོད་པ།
3. གླ་ཕོགས་དང་ཐོབ་ཆ་འཐོབ་པ། ཕན་བདེ་དང་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ།
4. སྦྱོང་བརྡར་ལ་ཞུགས་པ།
5. ལས་ཁུངས་ཀྱི་ལས་དོན་དང་འགོ་ཁྲིད་ལ་སྐྱོན་བརྗོད་བྱ་རྒྱུ་དང་། གྲོས་འཆར་དོན་རྒྱུ།
6. བསྐྱར་ཞུ་དང་ཁྲིམས་གཏུག་བྱ་རྒྱུ།
7. ལས་གནས་དགོངས་ཞུ་བྱ་རྒྱུ།
8. བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་དབང་ཆ་གཞན་དག་བཅས་སོ། །