བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པོ་གཏོང་དགོས།

ཞི་ཅིན་ཕིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་སོ་བདུན་པ་སྤེལ་རྒྱུ་ཡིན་ཞིང་། ནང་དོན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཡིན། ཐེངས་འདིའི་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་འཐབ་རྩོད་དུས་བབ་ལ་དབྱེ་ཞིབ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་བཅས་བྱས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད།

མིའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་བཅས་ལ་གཅེས་སྐྱོང་བྱས་ནས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་ཡིན། ཀྲུང་ཧྭའི་རིག་གནས་ཀྱིས་གནའ་ནས་བཟུང་མི་ལ་བརྩི་འཇོག་དང་ཐུགས་ཁུར་བྱ་རྒྱུ་ནན་བཤད་བྱེད་ཀྱི་ཡོད། ཁུང་ཙིའི་“གནའ་མིས་སྲིད་སྐྱོང་བར། དམངས་ནི་ཀུན་གྱི་ཐོག་མ་ཡིན་”ཞེས་པ་དང་། མེང་ཙིའི་“གནམ་འོག་བྱམས་ཀྱིས་བསྐྱངས་བས་དམངས་ཀྱིས་བཀུར་”ཞེས་པ་དང་། ཞུན་ཙིའི་མི་ནི་“ཆེས་རིན་ཐང་ཆེ་བ་”ཞེས་པ་དང་། མོ་ཙིའི་“ཕན་ཚུན་བྱམས་སྐྱོང་”ཞེས་པ་སོགས་ཚང་མས་མིའི་རང་ངོས་ཀྱི་རིན་ཐང་ནན་བཤད་བྱེད་ཀྱི་ཡོད། གནའ་མིའི་ངག་རྒྱུན་དུ་“བྱ་དངོས་ཀུན་ལས་མི་ནི་མཆོག་ཏུ་འཛིན་རྒྱུ་”དང་། “དོན་ཆེན་བསྒྲུབ་མཁན་གྱིས་མི་ནི་རྩ་བར་འཛིན་རྒྱུ།” “གནམ་འོག་སྐྱོང་མཁན་གྱིས་མི་ནི་རྩ་བར་འཛིན་རྒྱུ་”ཞེས་པ་སོགས་བརྗོད་སྲོལ་ཡོད། ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་དུས་སྐབས་སུ། བློ་སྒོ་འབྱེད་པའི་བསམ་བློ་བ་རྣམས་ཀྱིས་“སྐྱེས་ཐོབ་ཀྱི་མིའི་ཐོབ་ཐང་”ཞེས་པ་སོགས་ཀྱི་ལྟ་བ་བཏོན་ནས་མི་ཚང་མར་སྐྱེ་དུས་འདྲ་མཉམ་ཡིན་ཞིང་བཙན་འཕྲོག་བྱེད་མི་རུང་བའི་ཁེ་དབང་ཡོད་པ་ནན་བཤད་བྱས་ཏེ། དབྱིན་ཇི་དང་། ཨ་རི། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེར་སྐུལ་འདེད་བཏང་བ་རེད།

མར་ཁེ་སི་དང་ཨེན་ཀེ་སིས་འབྱོར་ལྡན་གྲལ་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ཀྱི་ལོ་རྒྱུས་ཡར་ཐོན་གྱི་དོན་སྙིང་ལ་ཁས་ལེན་གང་ལེགས་གནང་བ་དང་དུས་མཚུངས་སུ། དེས་འགྲོ་བ་མིའི་ཐོབ་ཐང་ཁས་མི་ལེན་པའི་སྤྱི་ཚོགས་ཀྱི་རང་བཞིན་དང་། ལོ་རྒྱུས་ཀྱི་རང་བཞིན། གྲལ་རིམ་གྱི་རང་བཞིན་བཅས་ལའང་དགག་པ་མཐར་ཕྱིན་པ་བརྒྱབ་ཡོད། མར་ཁེ་སིས་བསྟན་དོན། “མི་སྒེར་ནི་སྤྱི་ཚོགས་སུ་གནས་པའི་དངོས་པོ་ཡིན།” “ཁེ་དབང་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་གྲུབ་ཚུལ་དང་དཔལ་འབྱོར་གྲུབ་ཚུལ་གྱིས་ཚོད་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རིག་གནས་འཕེལ་རྒྱས་ལས་བརྒལ་མི་རུང་།” མར་ཁེ་སི་དང་ཨེན་ཀེ་སིས་ནན་གསུང་གནང་དོན། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་“མི་ནི་སྔར་བཞིན་མིའི་བྲན་གཡོག་མིན་པར་དངོས་པོའི་བྲན་གཡོག་ཏུ་གྱུར།” “གྲལ་རིམ་དང་གྲལ་རིམ་འགལ་ཟླར་གྱུར་པའི་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་རྙིང་པ་དེའི་ཚབ་བྱེད་མཁན་ནི་མཉམ་འབྲེལ་སྒྲིག་གཞི་འདི་ལྟ་བུ་ཞིག་ཡིན་ལ། དེ་རུ་མི་ཚང་མ་རང་མོས་ཀྱིས་འཕེལ་རྒྱས་སུ་འགྲོ་བ་དེ་ནི་མི་ཡོད་ཚད་རང་མོས་ཀྱིས་འཕེལ་རྒྱས་སུ་འགྲོ་བའི་ཆ་རྐྱེན་ཞིག་ཡིན།”

འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ལྷོད་བ་མེད་པའི་དོན་གཉེར་ཡིན། ང་ཚོའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་“དམངས་གཙོ་བརྩོན་ལེན་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་”དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་སྐྱོབ་དམངས་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་འདོད་ཚུལ་མངོན་གསལ་དུ་ཁྱབ་བསྒྲགས་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པའི་བརྒྱུད་རིམ་ཡོངས་སུ་ཁྱབ་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་བཅས་ཀྱི་ནང་དུ། ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་མི་དམངས་ནི་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་པ་དང་། ཀྲུང་གོའི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་། འཕེལ་རྒྱས་གཏོང་དབང་། གཞི་རྩའི་ཁེ་དབང་གཞན་དག་རྣམས་ཟམ་མི་འཆད་པར་གོང་དུ་སྤེལ་བཞིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་སྔར་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད། ང་ཚོས་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ཟམ་མི་འཆད་པར་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་ཆ་ཚང་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ང་ཚོས་སྔར་བས་གང་ལེགས་དང་སྤུས་ཚད་དེ་བས་མཐོན་པོའི་ལས་ཞུགས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག། སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ནས་མི་དམངས་ཀྱི་འཚོ་བའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཤུགས་ཆེན་བཏང་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་འཇལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཡོད། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། ང་ཚོས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་སྤེལ་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཕྱོགས་ཡོངས་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་མཐའ་འཁྱོངས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ཡོད། རང་རྒྱལ་ནི་འཛམ་གླིང་ཐོག་རྒྱལ་ཁབ་ཀྱི་མིའི་ཐོབ་ཐང་བྱ་སྤྱོད་ཀྱི་འཆར་གཞི་རྒྱུན་མཐུད་ངང་གཏན་འབེབས་དང་ལག་བསྟར་བྱེད་པའི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཞིག་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་དཔྱད་གཞིར་འཛིན་ནས། དུས་རབས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད། འགྲོ་ལམ་འདི་ལ་གཤམ་གསལ་གྱི་ཁྱད་ཆོས་གཙོ་བོ་འགའ་ཡོད།

གཅིག་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་ཏང་གི་རྩ་བའི་དགོངས་དོན་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏན་འཁེལ་བྱས་ཡོད་ལ། ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་དང་། འདྲ་མཉམ་ངང་འགྲོ་བ་མིའི་ཐོབ་ཐང་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། རྒྱུད་རིམ་ལྡན་པའི་བསམ་གཞིག་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་གཏན་འཁེལ་བྱས་ཡོད།”

གཉིས་ནི་མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་གྱི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་མི་ཁག་ཅིག་གམ་ཡང་ན་མི་ཉུང་ཤས་ཤིག་ལ་དབང་བའི་དམིགས་བསལ་གྱི་དབང་ཆ་ཞིག་མིན་པར། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཀུན་ཕན་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན། ང་ཚོས་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཏེ། མི་དམངས་རྣམས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་དུ་སྤེལ་བའི་ནང་ཞུགས་མཁན་གཙོ་བོ་དང་། སྐུལ་སྤེལ་བྱེད་མཁན། ཁེ་ཕན་ཐོབ་མཁན་བཅས་སུ་འགྱུར་བར་བྱེད་པ་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད་སྔར་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

གསུམ་ནི་རང་རྒྱལ་གྱི་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ནི་ངེས་པར་དུ་རྒྱལ་ཁབ་རང་གི་གནས་ཚུལ་དངོས་དང་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་འདོད་བློ་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བླང་བྱ་གཞིར་བཟུང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱིས་ཁྲིམས་ལྟར་རྒྱ་ཆེ་གང་ལེགས་དང་། ངོ་མ་ཞིབ་ཕྲ། ནུས་ལྡན་གོ་ཆོད་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

བཞི་ནི་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོར་བྱེད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས་བྱེད་དགོས། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། དངོས་ཡོད་དང་མཐུན་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་དགོས། སྤུས་ཚད་སྔར་ལས་མཐོན་པོ་དང་། ལས་ཆོད་སྔར་ལས་ཆེ་བ། དྲང་སྙོམ་སྔར་ལས་ཡིན་པ། རྒྱུན་མཐུད་སྔར་ལས་ཐུབ་པ། བདེ་འཇགས་སྔར་ལས་ལྡན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ཏེ། འཕེལ་རྒྱས་གཏོང་བའི་ཁྲོད་རྒྱ་ཆེའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་སྔར་བས་ཕུན་སུམ་ཚོགས་པ་དང་། སྔར་བས་འགན་སྲུང་ཐུབ་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས།

ལྔ་ནི་ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ནུས་ལྡན་ཞིག་རེད། ང་ཚོས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་དགོས། ཁེ་དབང་དྲང་སྙོམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་དྲང་གཞག་བཅས་མཚོན་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་བདག་དབང་། མི་གཤིས་དབང་ཆ་བཅས་འགན་སྲུང་། སྤྱི་དམངས་ཀྱི་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ནང་དུ་ཞུགས་པའི་གཞི་རྩའི་ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས། ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁེ་དབང་འགན་སྲུང་བཅས་བྱས་ནས། འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

དྲུག་ནི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་ལ་སྔར་ལས་ཡག་པ་ཞེས་པ་ཞིག་ལས་ཆེས་ཡག་ཤོས་ཞེས་པ་ཞིག་མེད། རྒྱལ་ཁབ་ཚང་མར་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་རང་གིས་གདམ་ག་བྱེད་དབང་ཡོད། ཤེས་དཔལ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། ཕན་ཚུན་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འགྲོ་བ་མིའི་ཐོབ་ཐང་ཚུད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གོང་གསལ་དོན་ཚན་6ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་ལ། ང་ཚོས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཞིག་ཀྱང་ཡིན་པས། ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཟམ་མི་འཆད་པར་རྒྱུན་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།

དམངས་གཙོ་ནི་རྒྱན་ཆ་མ་ཡིན་ལ། སྒྲིག་ཆས་ཀྱང་མ་ཡིན། འགྲོ་བ་མིའི་ཐོབ་ཐང་ཡང་རྒྱན་ཆ་མ་ཡིན་ལ། སྒྲིག་ཆས་ཀྱང་མ་ཡིན། ཉེ་བའི་ལོ་ཤས་རིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་སྲིད་ཏང་གི་ངན་འཐབ་ནང་ཚུད་པ་དང་། སྲིད་གཞུང་གིས་ཁ་དན་ཚིག་ལ་མི་གནས་པ། སྤྱི་ཚོགས་ཀྱི་གོ་རིམ་ཤོར་བ། རིམས་ནད་ཚོད་འཛིན་མི་ཐུབ་པ་བཅས་ཀྱི་གནས་སུ་གྱར་བ་དང་། ཆབ་སྲིད་སྣེ་འགྱུར་དང་དབུལ་ཕྱུག་གཉིས་སུ་གྱེས་པ། རིགས་རྒྱུད་ཀྱི་འགལ་ཟླ་ཟམ་མི་འཆད་པར་ཆེ་རུ་ཕྱིན་པ། རིགས་རྒྱུད་རིང་ལུགས་དང་། དམངས་འདོད་རིང་ལུགས། ཕྱིར་འབུད་རིང་ལུགས་བཅས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་པོར་ཕྱིན་ཡོད། འོན་ཀྱང་ཁོ་ཚོས་ད་དུང་“འཛམ་གླིང་ཀུན་ཏུ་འཕྲོད་པའི་འགྲོ་བ་མིའི་ཐོབ་ཐང་”དང་“འགྲོ་བ་མིའི་ཐོབ་ཐང་དེ་བདག་དབང་ལས་མཐོ་བ་”ཞེས་པ་སོགས་ཀྱི་དར་ཆ་བསྒྲེངས་ཏེ་འཛམ་གླིང་ཐོག་ནུབ་ཕྱོགས་ཀྱི་དམངས་གཙོའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་ལམ་ལུགས་བཙན་ཤེད་ཀྱིས་ཁྱབ་སྤེལ་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱས་མཐར་རྒྱལ་ཁབ་ཁ་ཤས་སུ་འཁྲུག་ཟིང་ཡང་ཡང་སློང་བ་དང་། སྤྱི་ཚོགས་ལ་དུས་ཡུན་རིང་པོར་ཟིང་ཆ་བྱུང་བ། མི་དམངས་གནས་མེད་ཡུལ་འཁྱར་དུ་གྱུར་པ་རེད།

ད་ལྟ་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འཐབ་ལམ་གསར་པ་བཏོད། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་ལ་སྔར་བས་མཐོང་ཆེན་བཅས་བྱས་ཏེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཤམ་གསལ་གྱི་ཕྱོགས་འགའི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱེད་དགོས།

དང་པོ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ངས་“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནི་ངོ་བོའི་ཐོག་ནས་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བ་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་དུ་སྤེལ་བར་ཟམ་མི་འཆད་པར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཡིན་”ཞེས་བཤད་མྱོང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོན་པོའི་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་དང་བསྟུན་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཕྱོགས་མང་པོའི་ཁེ་དབང་གི་དགོས་མཁོ་ཟམ་མི་འཆད་པར་སྐོང་བ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་གཙོའི་ཁྲིམས་སྐྱོང་། བསམ་བློ་རིག་གནས། དྲང་སྙོམ་དྲང་བདེན། སྤྱི་ཚོགས་བཅོས་སྐྱོང་། ཁོར་ཡུག་སྲུང་སྐྱོབ་སོགས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་ཕྱོགས་ཁག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ཁྲོད་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ཆུ་ཚད་ཁག་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

གཉིས་པ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། མིག་སྔར། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ཐད་ད་དུང་ཞན་ཆ་མི་ཉུང་བ་གནས་ཡོད། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ཕྲེང་ཐག་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཐམས་ཅད་ལ་ཁྱབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་ཐག་གཅོད་རེ་རེ། ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་དུ་དྲང་སྙོམ་དྲང་བདེན་ཚོར་དུ་འཇུག་དགོས། རྒྱུད་རིམ་ལྡན་པའི་སྒོ་ནས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ཞིབ་འཇུག་དང་ཇུས་འགོད་དང་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འབོད་ལ་ཁྲིམས་ལྟར་དྲང་གཞག་གིས་ལྟ་སྟངས་འཛིན་པ། ཁྲིམས་འཛིན་དྲང་གཞག་མིན་པའི་དབང་གིས་མི་དམངས་མང་ཚོགས་ལ་གནོད་འཚེ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་དོན་དག་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་དང་། མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་ཐད་སྣང་མེད་དུ་འཇོག་པ་དང་དོ་ཁུར་མི་བྱེད་པའི་སྣང་ཚུལ་མཐའ་དག་ངེས་པར་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བྱེད་དགོས།

གསུམ་པ། འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ཡང་དག་པ་དར་སྤེལ་གཏོང་དགོས། རྣམ་པ་སྣ་ཚོགས་དང་། ཐབས་ལམ་སྣ་ཚོགས། ཡུལ་དུས་སྣ་མང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་དང་ཤེས་བྱ་ཁྱབ་གདལ་རྒྱ་ཁྱབ་ཏུ་བཏང་ནས་སྤྱི་ཚོགས་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། མི་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ཤེས་བྱའི་སློབ་གསོ་སྤེལ་ཏེ་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། གཞུང་ལས་མི་སྣ་དང་ལྷག་པར་དུ་གཞི་རིམ་གྱི་གཞུང་ཞབས་པ་སྟེ། དཔེར་ན་སྤྱི་བདེ་དང་། ཁྲིམས་ཁང་། ཞིབ་དཔྱོད། དམངས་སྲིད། སྤྱི་ཚོགས་འགན་བཅོལ། འཕྲོད་བསྟེན་བདེ་ཐང་། ཁྲལ་དོན། ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱི་མི་སྣའི་འགྲོ་བ་མིའི་ཐོབ་ཐང་གི་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་བུད་མེད་དང་བྱིས་པ་དང་། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་གྱི་ཚོགས་སྤྱིའི་ཁེ་དབང་ལ་དེ་བས་འགན་སྲུང་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་ཐོག་མའི་གསར་གཏོད་རང་བཞིན་གྱི་གོ་དོན་ཞུན་བརྡར་བྱས་ཏེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིག་གཞུང་ཚན་ཁག་མ་ལག་དང་། རིག་གཞུང་མ་ལག། སྐད་ཆའི་མ་ལག་བཅས་འཕེལ་རྒྱས་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་གི་ཇུས་འདོན་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཏན་ཏིག་དང་། རིག་གཞུང་རྩེར་སོན། རྒྱལ་སྤྱིའི་སྒྲིག་སྲོལ་རྒྱུས་མངའ་ཡོད་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཤོད་ཤེས་པ་བཅས་རྩེར་སོན་གྱི་འགྲོ་བ་མིའི་ཐོབ་ཐང་གི་མཁས་དབང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས།

བཞི་པ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “མི་ཆོས་ལྡན་ན་གནམ་འོག་དབང་དུ་བསྡུ་”ཞེས་པ་དང་། “ཀུན་སྤྱོད་ལྡན་ན་ཀུན་གྱིས་དེ་ལ་བཀུར་”ཞེས་པ་ལྟར་རོ།། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་། བཟོད་སྒོམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཕན། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱ་རྒྱུ་དེ་སྔར་བས་དྲང་སྙོམ་དང་དྲང་གཞག། ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་བྱས་ཏེ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་གི་འགྲོ་བ་མིའི་ཐོབ་ཐང་སྒྲིག་གཞིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

ལྔ་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཧུར་ཐག་སྤེལ་དགོས། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། བྱེ་བྲག། དོན་དངོས་བཅས་ཡིན་པས། རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་སྟོང་བཤད་བྱེད་མི་རུང་། རྒྱལ་ཁབ་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་ལ་གདེང་འཇོག་བྱེད་སྐབས་རྒྱལ་ཁབ་གཞན་དག་གི་ཚད་གཞིའི་ཐོག་ནས་ཚད་འཇལ་བྱེད་མི་རུང་ལ། ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་འཛིན་མི་རུང་བ་དང་། མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་དེ་བས་ཀྱང་བརྩི་མི་རུང་། འཐབ་ཇུས་ཀྱི་རང་དབང་དམ་འཛིན་བྱེད་དགོས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཡག་པོ་ཤོད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཟུགས་སུ་བཀོད་པ་དང་ཞིབ་ཕྲ་ཅན་གྱི་མཚོན་ཐབས་སྤྱད་དེ་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཡིད་དབང་འཕྲོག་ཤུགས་དང་། ཡིད་སེམས་འགུག་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་དགོས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་བདེན་པའི་མཐོ་གནོན་བཙན་ས་བཟུང་དགོས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་གདེང་ཚོད་ཆེ་རུ་གཏོང་རྒྱུར་མཛུབ་སྟོན་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཇུས་འགོད་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཞུ་གཏུག་ལ་ཁ་གཏད་ནུས་ལྡན་འཇལ་དགོས།

རིམ་ཁག་ཏང་ཨུ་(ཏང་ཙུའུ་)ཡིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་། དེང་རབས་ཀྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་བཅས་རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་། ངོས་འཛིན་མཐོ་རུ་གཏོང་བ། རང་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ལས་དོན་ཁག་རང་འགུལ་ངང་ཡག་པོ་བསྒྲུབ་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག། ལས་རིགས་ཁག་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལ་བརྩི་འཇོག་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྡོམ་ཤུགས་ཆགས་པར་བྱེད་དགོས།

བློ་བཟང་ལྷ་མོས་བསྒྱུར།


རྩོམ་ཡིག་སྔོན་མ།
undefined
རྩོམ་ཡིག་རྗེས་མ།
undefined

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1