༄༅། །བོད་པའི་སྤྱི་ཚོགས་ཁྲིམས་ལུགས་སྐོར་བཤད་པ།༼༥༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-07



དྲུག  བོད་མིའི་སྟོང་འཇལ་ཚུལ།

     བོད་མིའི་མི་སྟོང༌།    འབྲོག་ཡུལ་གྱི་མི་སྡེ་ཁག་གཉིས་ཀྱིས་འཚོ་བའི་འཁོན་གཞི་ལ་བརྟེན་ཏེ་ཕན་ཚུན་མི་གཉིས་བསད་པ་ཡིན་ན།   གཟུ་པས་སྔ་བཅད་ཕྱི་སྡོམ་གྱི་གཟུ་གཏང་དགོས་པ་ཙམ་ལས་མི་སྟོང་བསྒྲུབ་དགོས་སྲོལ་མེད་པ་རེད།   འོན་ཀྱང་ཚོ་པ་ནང་ཁུལ་ནས་གང་བསད་པའི་མི་དེའི་ཁྱིམ་མི་ལ་སེམས་གསོའི་ཆེད་དུ་རྟ་ཕྱུགས་ཀྱི་སྐྱེས་དང༌།   གཤིན་པོའི་དགེ་རྩར་ཞག་བཞི་བཅུ་ཞེ་དགུའི་རིང་བླ་མཆོད་ཁ་ཤས་སྤྱན་དྲངས་ཏེ་བྱང་ཆོག་བསྒྲུབ་དགོས་པ་དང༌།   དེ་དག་ལ་བསྙེན་བཀུར་སོགས་འགན་ཧྲིལ་ལེན་བྱེད་དགོས་ཀྱི་ཡོད་པ་རེད།   གལ་ཏེ་མི་གཅིག་གིས་མི་ཞིག་བསད་པ་ཡིན་ན།    ཐོག་མར་མི་ཤའི་མགོ་བཀུག་ཅེས་བྱ་བ་གསོད་པ་པོས་གསོད་བྱེད་ཀྱི་ལག་ཆ་རལ་གྲི་སོ་དམར་ཞེས་པའི་རལ་གྲིའམ་སྡུག་བོག་རྭ་དམར་ཞེས་པའི་མེ་མདའ་གང་ཡིན་དེ་བསད་བྱའི་ནང་མིའི་ལག་ཏུ་འབུལ་དགོས་པ་དང༌།    དེ་ནས་བསད་མཁན་གྱི་གཉེན་ཚན་དང་མནའ་ཡའི་ཕྱོགས་ཀྱི་ཕ་རིགས་སྤྱི་ནས་སྙག་གི་རྟ་ཕོ་ཞེས་བྱ་བའི་རྟ་སྐད་གྲགས་ཅན་ཞིག་དང༌།   མོ་རིགས་སྤྱི་ནས་རྒྱན་ཆའི་གཙོ་བོ་སྤོས་ཤེལ་སྤུས་བཟང་ཞིག་བཅས་བསད་བྱའི་ནང་མི་ལ་འབུལ་བའི་ཐོག་སྙག་གང་དགོས་པ་འབུལ་རྒྱུའི་ཁས་ལེན་བྱེད་དགོས་ཀྱི་ཡོད་པ་རེད།  

     དེ་ལྟར་སྙག་གི་སྐོར་ཕན་ཚུལ་བློ་མཐུན་པའི་རྗེས་སུ་གདན་གཏིང་ཞེས་བྱ་བའི་གཡག་ཆེན་གཅིག་དང་རྟ་ཕོ་གཅིག་བཅས་གསད་མཁན་རང་ཉིད་ཀྱིས་གསད་བྱའི་ཕྱོགས་ཀྱི་གྱོད་པ་དེ་ལ་སྟེར་དགོས་པ་རེད།  

གྱོད་དངོས་བཤད་པའི་ཚེ།    གཟུ་པ་ཚོས་ཐོག་མའི་འཁོན་གཞི་སུའི་ཕྱོགས་ནས་བྱུང་འདུག་པ་འདྲི་རྩད་བྱེད་ཆེད།   དེ་ནི་ཉེས་པ་ཆེ་བར་བརྩི་སྟེ།   དེའི་སྟེང་ནས་མི་སྟོང་གི་སྔོན་དཔེ་ཇི་ལྟར་ཡོད་པ་གཞིར་བཟུང་ནས་ཉེས་པ་ཆེ་ཆུང་དང་བསྟུན་པའི་གཟུ་གཏོང་སྲོལ་ཡོད་པ་རེད།  

མི་སྟོང་གི་སྔོན་དཔེ་ཞེས་པའི་དོན་ནི་གསད་བྱའི་མི་ཚང་དེ་སྔར་ཡང་མི་ཤ་བྱུང་མྱོང་བར་གཞིར་བཅས་ཤིང་དུས་སྐབས་དེར་མི་སྟོང་ཇི་ཙམ་ཐོབ་པ་དེ་མ་འོངས་པའི་མི་སྟོང་གི་དཔེར་ཚད་དུ་འགྱུར་གྱི་ཡོད་པ་རེད།  

གནས་ཚུལ་འདི་ལ་ལྟོས་ན་འབྲོག་ཡུལ་དུ་མི་ཤའི་འཁོན་རྩོད་ནི་རྒྱུན་མར་འབྱུང་གི་ཡོད་པར་མངོན་ནོ།།

       སྤྱིར་འབྲོག་མིའི་མི་སྟོང་གི་ཚད་ནི་ཆེ་འབྲིང་ཆུང་གསུམ་དུ་སྣང་སྟེ།  

དེ་ཡང་མི་སྟོང་ཆེ་གྲས་ལ་དངུལ་རྡོ་ཚད་བརྒྱ་དང༌།   འབྲིང་གྲས་ལ་རྡོ་ཚད་བདུན་ཅུ།    ཆུང་གྲས་ནི་རྡོ་ཚད་ལྔ་བཅུ་ཡིན་པ་རེད།   དེ་ཡང་རྡོ་ཚད་ཅེས་པ་ནི་སྔར་དུས་ཀྱི་རྡོ་ཚད་རྟ་རྨིག་མ་ཅེས་དངུལ་སྲང་ལྔ་བཅུ་གོར་གོར་བཟོས་པ་དེ་རིགས་ཡིན་འདུག་ཀྱང༌།   མི་སྟོང་གི་ནང་དུ་རྡོ་ཚད་ཅེས་མིང་དུ་བཏགས་པ་ཙམ་ལས་དངུལ་གྱིས་མི་འཐུས་ཤིང༌།  

དེའི་རྩིས་་གཞི་ནི་ དམར་ཟོང་ ཞེས་བྱ་བ་སྟེ་མི་སྟོང་ཆེ་གྲས་ཀྱི་རྡོ་ཚད་རེ་ལ་འབྲི་གཡག་དྲུག་རེ་དང༌།   འབྲིང་གྲས་ལ་འབྲི་གཡག་བཞི་རེ།   ཆུང་གྲས་ལ་འབྲི་གཡག་གཉིས་རེ་བཅས་དགོས་ཀྱི་ཡོད་པ་རེད།   མི་སྟོང་གི་རྩིས་གཞི་སྤྲོད་ལོན་གྲུབ་པ་ན།   གསོད་མཁན་དེས་གསད་བྱའི་མ་དང་ཆུང་མ་བཅས་ལ་ཉེ་བའི་མཐུན་ཤ་ཞེས་བྱ་བའི་འབྲི་མ་རེ་རེ་དང༌།  

ཕ་ལ་ཕུ་ནུའི་ཟུར་ཤ་ཞེས་བྱ་བའི་རྟ་ཕོ་གཅིག་བཅས་སྟེར་དགོས་ཀྱི་ཡོད་པ་རེད།  

  འབྲོག་པའི་རྐུན་སྟོང༌།  གོང་དུ་བཤད་པ་ལྟར་འབྲོག་ཡུལ་དུ་འཇབ་རྐུན་གྱི་དར་སྲོལ་མེད་པར་བརྟེན་སྟོང་གི་གླེང་གཞི་བྱེད་འོས་མ་མཆིས་ཤིང༌།   འོན་ཀྱང་སྐབས་འགར་འབྲོག་མ་འགའ་ཤས་ཀྱིས་ཡུལ་ཕན་ཚུན་ནས་འཕྲོག་བཅོམ་བྱས་པའི་སྐོར་ནས་གྱོད་གཞི་མང་དུ་འབྱུང་ཞིང་ཡོད་པ་རེད།   དེ་དག་ནི་འབྲོག་མི་རང་ཉིད་ཀྱི་ཁ་དཔེར།    ལྷ་ཡི་ནོར་ལ་དགུ་འཇལ།   འདུ་བའི་ནོར་ལ་ལྔ་འཇལ།    ཕུ་ནུའི་ནོར་ལ་གསུམ་འཇལ་ཞེས་པ་ལྟར་དགོན་པ་དང་བླ་བྲང་སོགས་ཀྱི་ནོར་ལ་དགུ་ལོག་དང༌།   སྤྱི་ཁག་དང་རུ་སྐོར་སྤྱིའི་ནོར་ལ་ལྔ་ལོག་དང༌།    ཡུལ་ནང་ཁོངས་ཀྱི་ནོར་ལ་གསུམ་ལོག་གི་སྟོང་འཇལ་དགོས་ཀྱི་ཡོད་པ་རེད།  

    འབྲོག་པའི་རྟ་སྟོང༌།    འབྲོག་ཡུལ་དུ་རྒྱུན་པར་གཡག་གིས་རྟ་དྲེལ་བརྡུངས་ནས་བསད་པའི་རྩོད་གཞི་མང་དུ་འབྱུང་ཞིང༌།   དེ་ཡང་གཡག་གཅིག་གིས་རྟ་དྲེལ་གང་རུང་ཞིག་བརྡུངས་ནས་བསད་པ་ན་ རྡུང་གི་རྭ་དམར་ཞེས་བྱ་བ་རྡུང་མཁན་གྱི་གཡག་བཟང་ཞན་གང་ཡོད་པ་དེ་རྟ་བདག་ལ་འཕྲ་དུ་སྤྲད་གདོས་པ་དང༌།   གལ་ཏེ་གསད་བྱ་དེ་དྲེ ་ཞིག་ཡིན་ན་གསོད་མཁན་གྱི་རྭ་དམར་དེ་དང་གཡག་སོ་དྲུག་གཅིག་བཅས་སྤྲད་དགོས་པ་རེད།   གལ་ཏེ་རྟ་དྲེལ་གང་རུང་ཞིག་བསད་དེ་གསོད་མཁན་གང་ཡིན་ཕན་ཚུལ་གཉིས་ཕྱོགས་ནས་དངོས་མཐོང་མ་བྱུང་ཞིང༌།  

ཞིབ་འཇུག་བྱེད་པའི་ཚེ་གཡག་གང་རུང་གི་རྭ་ལ་ཁྲག་གམ་ཞག་རྩི་ཡོད་པ་ཞིག་རྙེད་ན་འབྲོག་མིའི་ཁ་དཔེར་འབྲོང་རྟ་བརྡུང་རྭ་ཅོ་མར་གྱིས་ཤན་ཞེས་པ་ལྟར་རྟ་གསོད་མཁན་དུ་ངོས་འཛིན་ཞིང༌།   འོན་ཀྱང་དངོས་སུ་མ་མཐོང་བར་བརྟེན་རྟ་དྲེལ་གང་ཡིན་ཡང་རུང་སྟོང་ལ་གཡག་ཤད་གཅིག་གིས་འཐུས་ཀྱི་ཡོད་པ་རེད།  

    འབྲོག་པའི་བྱི་སྟོང༌།   འབྲོག་ཡུལ་གྱི་བུ་མོ་ཞིག་ལ་གཉེན་འདུམ་མ་བྱས་པའི་གོང་ལ་བྱི་ཕྲུག་གཅིག་བྱུང་བ་ཡིན་ན་ནང་གི་ཕ་མ་ཚོས་འཕྲལ་དུ་ཕ་སུ་ཡིན་འདྲི་རྩད་བྱེད་ཅིང༌།   ཕྱོགས་ཕན་ཚུན་གཉིས་ཀའི་ཕ་མ་རྣམས་གཉེན་འདུམ་བྱ་བར་བློ་མཐུན་ན་འཕྲལ་དུ་བག་ཆོག་སྤྱི་ལྟར་བྱེད་པ་དང༌།   དེ་ལྟར་མ་མཐུན་ན་བྱི་ཕོ་དེས་བུ་མོ་དེ་ལ་ཕོ་རྟ་འོ་ལྤགས་ཞེས་པའི་བྱི་སྟོང་འཇལ་དགོས་ཀྱི་ཡོད་པ་རེད།   དེའི་དོན་ནི་ཕའི་ཚབ་ཏུ་ཕའི་བཞོན་རྟ་བཟང་ཤོས་དང༌།    འོ་མའི་དོན་དུ་འབྲི་སོ་དྲུག་གཅིག་དང༌།   གོས་རྟེན་དུ་ལུག་འཚེ་རུ་བདུན་བཅས་སྟེར་དགོས་ཀྱི་ཡོད་པ་རེད།   གལ་ཏེ་བྱི་ཕོ་འཁོས་ཞན་བཞོན་རྟ་མེད་མཁན་ཞིག་ཡིན་ན་བཞོན་རྟའི་ཚབ་ཏུ་གཡག་སོ་དྲུག་གཅིག་གིས་འཐུས་ཀྱི་ཡོད་འདུག་པ་འདི་ནི་འབྲོག་ཡུལ་དུ་གནའ་སྲོལ་ཡོངས་གྲགས་ཤིག་ཡིན་པར་བརྟེན་གཟུ་པ་སོགས་ལ་མ་ལྟོས་པར་འཕྲལ་དུ་སྤྲད་ལེན་བྱེད་པ་ཙམ་ལས་རྩོད་གླིང་བྱེད་དགོས་ཀྱི་མེད་པ་རེད།  

    འབྲོག་པའི་བག་སྟོང༌།   འབྲོག་ཡུལ་གྱི་བུ་མོ་མང་དག་ཞག་གསུམ་བག་མར་ཕྱིན་ཏེ་སླར་ཁྱིམ་དུ་ལོག་རྗེས་ཡང་བསྐྱར་བག་མ་ལེན་མཁན་གྱི་ནང་དུ་འགྲོ་རོགས་མི་བྱེད་ཅིང༌།   དེ་ལ་བརྟེན་ནས་མོ་ཤ་ཞེས་བྱ་བའི་རྩོད་གཞི་དྲག་པོ་ཡོང་གི་ཡོད་པ་རེད།   དེའི་འབྱུང་རྐྱེན་ནི་ཁོ་བོའི་བསམ་པར་ནམ་རྒྱུན་དུ་འབྲོག་མིའི་གཉེན་སྒྲིག་གི་འདུན་མ་མཐའ་དག་སོ་སོའི་ནང་གི་ཕ་མ་ཚོས་བྱེད་ཀྱི་ཡོད་འདུག་པར་བརྟེན་བུ་མོ་མང་ཤོས་ཀྱིས་བག་སར་སླེབས་ཟིན་པའི་བར་དུ་རང་གི་ཁྱོ་ག་མཐོང་མྱོང་བ་དཀའ་ཞིང༌།   དེ་ལྟ་ན་བུ་མོ་རང་རང་གི་འདོད་པ་མཐུན་པའི་ཁྱོ་ག་ནི་ཧ་ཅང་ཉུང་ངུ་ལས་ཡོང་མི་སྲིད་པ་གཞིར་བཅས་མོ་ཤའི་རྩོད་གཞི་དེ་རིགས་འབྱུང་གི་ཡོད་པར་མངོན་ནོ། །

     མོ་ཤའི་སྟོང༌།   ཁྱོ་ག་དེར་བཞོན་རྟ་བཟང་པོ་ཞིག་གིས་གཙོས་སྔོན་དུ་བུ་མོའི་སློང་རྟེན་གང་སྤྲད་པ་དེ་དག་དགུ་ལོག་གི་སྟོང་འཇལ་དགོས་སྲོལ་འདུག་ཅིང༌།   འོན་ཀྱང་དེ་འདྲའི་རྩོད་གཞི་བྱུང་ནས་རྗེས་སུ་བུ་མོ་དེ་མི་ཚང་གཞན་དུ་བག་མར་བཏང་ན།   སྔོན་གྱི་མོ་ཤའི་བདག་པོ་ཚོས་མི་བདེ་བའི་རྩོད་གཞི་མང་དུ་བྱེད་ཅིང༌།   དེ་ཉིད་འཕེལ་རྒྱས་སུ་ཕྱིན་ཏེ་མི་ཤའི་རྩོད་གཞིར་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ་བར་སྣང་ངོ༌། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1