རྩོམ་སྒྲིག་པའི་གཏམ།
དུས་ཀྱི་འཁོར་འགྲོས་མདུན་ནས་མདུན་དུ་བསྐྱོད་དེ་ལོ་རྒྱུས་རང་བཞིན་གྱི་དུས་མཚམས་གལ་ཆེན་ཞིག་ལ་སླེབས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་དང་། ལོ་བརྒྱ་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་འདིར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མ་འོངས་དམིགས་འབེན་ལས་འགན་དང་སྲིད་ཇུས་གལ་ཆེན་འཆར་འགོད་བྱས་ཡོད། དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་ལ་རག་ལས་ཡོད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད།
དུས་ཀྱི་འཕོ་འགྱུར་ཁྲོད་འབད་བརྩོན་གྱི་ཞབས་རྗེས་བཀོད་ཡོད་ལ། ལོ་རྒྱུས་ཀྱིས་ཕུགས་འདུན་གསར་པའི་རི་མོ་བྲིས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏང་རྒྱུ་གཞིར་བཟུང་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག །མཐུན་སྒྲིལ་ཨ་ལོང་དམ་དུ་སྦྲེལ་ནས་ཐུན་མོང་འབད་བརྩོན་དང་ཐུན་མོང་ཕྱུག་འགྱུར་བྱུང་བའི་འཕེལ་རྒྱས་ཀྱི་ལོ་བཅུ་བསྐྱལ། ལོ་བཅུའི་རིང་ལ། ས་གནས་དེ་གའི་དམངས་འཚོ་ལེགས་བཅོས་དང། ཐོན་ལས་དར་རྒྱས། འགྲིམ་འགྲུལ་ལ་འཕོ་འགྱུར། ལྗང་མདོག་སྲུང་སྐྱོང་། སྐྱེ་ཁམས་མཛེས་སྡུག་ཅན་ལ་བསྒྱུར། འདི་དག་གིས་གསོན་ཉམས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་མཚོན་ཡོད།
ལོ་བཅུའི་དམངས་འཚོ་ལེགས་བཅོས་ལས། གྲོང་མཛེས་དམངས་ཕྱུག་ཐོན་ལས་དར།
2019ལོའི་ལོ་མཇུག་ཏུ་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར་32ཚང་མས་དབུལ་ཞྭ་ཕུད་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་ལོ་ངོ་སྟོང་གི་ཕུགས་འདུན་འགྲུབ།
ད་ལོའི་ཟླ་9པར་ས་བབ་མཐོ་ཚད་སྨི་བཞི་སྟོང་ཡན་གྱི་ལི་ཐང་རྫོང་མཚོ་གསུམ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་མུའུ་120ཡི་འབྲི་ཏ་ས་འཛིན་ཐོན་འབབ་ཡག་པོ་བྱུང་ནས། སྔོན་དཔག་ལྟར་ན་ད་ལོའི་ཐོན་རྫས་རིན་ཐང་སྒོར་བྱེ་བ་གཅིག་ཡོད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་30ལྷག་གིས་ལོ་མ་འདོགས་པ་དང་འབྲས་བུ་འཐུ་བ་སོགས་དྲོད་ཁང་དུ་གང་སར་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད། སྔོན་ཆད་ང་ཚོས་ནས་དང་ཞོག་ཁོག་བཏབ་པ་ཕུད། ཡུལ་གཞན་ལ་གནས་སྐབས་གླ་པ་བྱེད་པར་འགྲོ་བཞིན་ཡོད། ཡོང་འབབ་བརྟན་པོ་མེད་པར་ལོ་གཅིག་ལ་ཡོང་འབབ་དེ་ཙམ་མང་པོ་རག་བཞིན་མེད། ད་ཆ་འདི་གར་གླ་པར་ཡོང་ནས་ཟླ་གཅིག་ལ་གླ་ཆ་སྒོར་3000ལྷག་ཡོད་ཅེས་རང་ཁྱིམ་གྱི་སྒོ་འགྲམ་དུ་གླ་པ་བྱས་ནས་ཡོང་འབབ་གསོག་མཁན་སྐལ་བཟང་སྒྲོལ་མས་དགའ་སྤྲོའི་ངང་དེ་ལྟར་བཤད།
གོང་གསལ་གྱི་གནས་ཚུལ་འདི་ལྟ་བུ་ནི་ཉེ་བའི་ལོ་ཤས་རིང་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་དམངས་འཚོ་ལེགས་སུ་ཕྱིན་པའི་མཚོན་བྱེད་ཙམ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། ས་མཐོའི་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དོམ་ཁྲ་དང་གཟི་རྩ་སྡེ་དགུ། ཤམ་བྷ་ལ། རྩྭ་ཐང་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དག་གཙང་རྔ་བ་དང་དྭངས་གཙང་དཀར་མཛེས། ལེའང་ཧྲན་ཆེན་པོ་བཅས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ་བཏོད། དེ་དང་ཆབས་ཅིག་སྔ་རྗེས་སུ་ཁྲེང་ཏུའུ་དང་རྔ་བ། ཏེ་དབྱང་དང་རྔ་བ། ཁྲེང་ཏུའུ་དང་དཀར་མཛེས། དཀར་མཛེས་དང་མེ་ཧྲན་བཅས་ཀྱི་ཁོངས་བརྒལ་སྤེལ་ཁུལ་བཙུགས་ནས་ས་མཐོའི་འབྲི་གཡག་དང་ཁྱད་ལྡན་ཤིང་འབྲས། ཨ་རག་བསྙལ་བའི་རྒུན་འབྲུམ། སྤུས་ལེགས་ནས་འབྲུ། ཀྲུང་ལུགས་དང་ཆའང་རིགས་ཀྱི་སྨན་རྩྭ། རི་སྐྱེས་ཤ་མོ་སོགས་བོད་འབྲེལ་ས་ཁུལ་དུ་ཡོད་པའི་གཙོ་གནད་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དེ་བས་རྒྱ་ཆེ་བའི་བར་མཐོངས་བཏོད།
ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རིམ་བཞིན་མང་དུ་ཕྱིན་ཡོད། ཡིན་ཡང་འགྱུར་ལྡོག་དེ་ཙམ་གྱིས་མི་ཚད་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་ཞིང་ཆེན་གྱིས“སེམས་ཁྲལ་མེད་པ་གཉིས”དང“འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་ནས་ཆུས་གསུམ་དང་ཁུལ་གསུམ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཁུལ་གྱི་དམིགས་བསལ་རྒྱབ་སྐྱོར་སྲིད་ཇུས་སོགས་གང་ལེགས་སྤྱད་དེ་བོད་འབྲེལ་ས་ཁུལ་གྱི་དམངས་འཚོའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཡོད། ལོ་དགུ་ལ་བསྟུད་མར་བོད་འབྲེལ་དམངས་འཚོའི་འདུ་འགོད་ཁག་དྲུག་ལག་བསྟར་གཏིང་ཟབ་བྱས་པ་དང་། 2021ལོའི་ཟླ་12པར་སློབ་གསོའི་ཐད་ལོ་15ལ་སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ། གྲོང་ཚོ་གཅིག་ལ་བུ་བཅོལ་ཁང་གཅིག་གི་འཆར་གཞི་ལག་ལེན་བསྟར་བ། ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མར་འགན་ལེན་གསུམ་གྱི་སྲིད་ཇུས་ལག་ལེན་བསྟར་བ། སློབ་ཆུང་དང་དམའ་འབྲིང་གི་སློབ་ཞུགས་ཚད་99.7%དང་97.6%ལ་ཟིན་པ། སྨན་བཅོས་འཕྲོད་བསྟེན་ཐད་བོད་འབྲེལ་ས་ཁུལ་གྱི་རྫོང་སྨན་ཁང་དང་། ཤང་གྲོང་འཕྲོད་བསྟེན་ཁང་།
གྲོང་ཚོ་འཕྲོད་བསྟེན་ཁང་བཅས་ཀྱི་དམིགས་ཚད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་96.7%ལ་མཐོ་རུ་བཏང་བ། ཐུམ་འབུའི་ནད་ཕོག་མཁན་ལ་བརྟག་དཔྱད་ཐུབ་ཚད་0.02%མར་ཆག་པ། གྲུམ་ནད་ཚབས་ཆེན་སྐོར་བསྟུད་མར་ལོ་བརྒྱད་ལ་ནད་གཞི་གསར་པ་གཅིག་ཀྱང་བྱུང་མེད། རིག་གནས་ཐད་རྫོང་རིམ་པའི་སྤྱི་པའི་དཔེ་མཛོད་ཁང་ཁྱབ་ཚད་དང་གྲོང་ཚོ་དབུལ་པོའི་རིག་གནས་ཁང་ཁྱབ་ཚད་བརྒྱ་ཆའི་བརྒྱ་ཟིན་པ་དང་། བདེ་འཁོད་ཐད་སྡོད་ཁང་གསར་པ་དུད་ཚང་ཁྲི་དྲུག་སྟོང་བཞི་བསྐྲུན་པ་དང་། སྡོད་ཁང་སྐྱོ་ཁུལ་དུད་ཚང་ཁྲི་གཉིས་སྟོང་བདུན་བསྒྱུར་བཀོད་བྱས་པ། གློག་མེད་པའི་གྲོང་ཚོ་ཁྱོན་ཡོངས་ནས་མེད་པར་བཟོས་པ། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་མི་གྲངས་འབུམ་བརྒྱད་ཁྲི་བདུན་ཐག་གཅོད་བྱས་པ། མ་མཐའི་འཚོ་རྟེན་འགན་སྲུང་དང་སྨན་བཅོས་འགན་བཅོལ་སོགས་སྤྱི་ཚོགས་ཀྱི་འགན་སྲུང་སྲིད་ཇུས་མངོན་འགྱུར་བྱུང་སྟེ་འགན་སྲུང་བྱ་དགོས་རིགས་འགན་སྲུང་གང་ཐུབ་བྱས་ཡོད།
ཁྱད་ལྡན་ཐོན་ལས་རེ་རེ་དང་། དམངས་འཚོའི་འདུ་འགོད་རེ་རེ། དམངས་ཕན་བྱེད་ཐབས་རེ་རེ་བཅས་ཚང་མ་མང་ཚོགས་ཀྱི་གདོང་གི་འཛུམ་མདངས་ལ་མངོན་ཡོད། བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་དེ་སེམས་ནང་བརྟན་པོ་ངེས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
ལོ་བཅུའི་འགྲིམ་འགྲུལ་འཕོ་འགྱུར་འདི།མིག་མཐོང་ལག་ཟིན་ཨེ་མ་རྨད།
“2013ལོར་ཁྲེང་ཏུའུ་རུ་སློབ་ཆེན་དུ་འགྲོ་སྐབས་ཕ་ཡུལ་དུ་མྱུར་བགྲོད་གཞུང་ལམ་མེད་པ་དང་ཁྲོ་ལ་རི་བོ་བརྒལ་དགོས་ཤིང་། ཁྲེང་ཏུའུ་ནས་སྡེ་དགེ་བར་ཉིན་3འགོར་བཞིན་ཡོད། སྐབས་དེ་དུས་མཚོ་སྔོན་དང་བོད་ལྗོངས་ཀྱི་སློབ་གྲོགས་ཚོ་ཁྱིམ་དུ་སླེབས་ཡོད་ནའང་། ང་ད་དུང་ལམ་ན་ཡོད”ཅེས་ད་ལོ་ལོ་ན་28སོན་པའི་བཟང་པོས་དེ་ལྟར་བཤད། བཟང་པོའི་ཕ་ཡུལ་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཡིན་ལ། དེ་སྔའི་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་སྡུག་པོའི་ཐད་ཁོང་ལ་དྲན་ཤེས་ཟབ་མོ་ཡོད་པར་མ་ཟད། ཐ་ན་དགུན་དུས་ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་ཁོ་རང་མཚོ་འཕགས་སྨི་5000ཡས་མས་ཀྱི་ཁྲོ་ལ་རི་བོ་ནས་ཉིན་ཞག་གཅིག་ལ་ལུས་ཀྱང་མྱངས་ཟེར།
འོན་ཀྱང་ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་སྔ་ན་མེད་པ་ཇེ་བཟང་སོང་ཡོད། དུས་རབས་གསར་པའི་ས་མཐོའི་བུ་ཕྲུག་ཡིན་པའི་བཟང་པོར་མཚོན་ན། ས་གནས་དེ་གའི་འགྲིམ་འགྲུལ་འཕེལ་རྒྱས་ལས་བྱུང་བའི་སྟབས་བདེ་ཉམས་ལེན་བྱས་ཡོད། ལོ་འདི་དག་ནང་ས་གནས་དེ་གའི་འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ད་ཆ་ཁྲེང་ཏུའུ་ནས་སྡེ་དགེར་འགྲོ་ན་ཉིན་གཅིག་ལས་མི་དགོས། ཁྲོ་ལའི་ཕུག་ལམ་དེ་འཛམ་གླིང་ཐོག་བསྐྲུན་ཡོད་པའི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་ཆེས་རིང་ཤོས་ཡིན་པའི་ངོས་ནས། ཁྲོན་བོད་ལམ་གྱི་ཉེན་ལམ་དང་པོ་བརྒལ་བའི་ལམ་ཐག་ཆུ་ཚོད་2དེ་ད་ལྟ་སྐར་མ་10ནང་འགྲོ་ཐུབ་པ་བྱས་ཡོད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་ཁྲེང་ཏུའུ་ནས་དར་མདོ་བར་གྱི་ལམ་ཐག་ཆུ་ཚོད་8ནས་ཆུ་ཚོད་3བར་ཐུང་དུ་བཏང་ཡོད་པ་རེད། བཟང་པོ་ད་ཆ་ཁྲེང་ཏུའུ་རུ་ལས་ཀ་དང་འཚོ་བ་སྐྱེལ་བཞིན་ཡོད། ཁོ་ད་ཆ་གུང་གསེང་ངམ་ཡང་ན་ལོ་གསར་གཏོང་སྐབས་ཕ་ཡུལ་དུ་ལོག་ཆོག་པར་མ་ཟད། ད་དུང་གནམ་གྲུར་བསྡད་ཆོག །ཞོགས་པའི་ཆུ་ཚོད་9པར་ཁྲེང་ཏུའུ་ནས་དཀར་མཛེས་གེ་སར་གནམ་ཐང་དུ་འཕུར་ཏེ་ཆུ་ཚོད་བཅུ་པ་ཡོལ་རྗེས་གནམ་ཐང་གི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ན་ཕྱི་དྲོའི་ཆུ་ཚོད་དང་པོའི་ཐོག་ཁྱིམ་དུ་སླེབས་ཐུབ་ཅེས་བཤད།
ད་ལོའི་ཟླ་7པར། འབར་ཁམས་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་ནང་བཞག་པ་དང་། ལི་རྫོང་ནས་བཙན་ལྷ་རྫོང་བར། དེ་ནས་ཕིང་ཝུའུ་རྫོང་ནས་ཟུང་ཆུ་རྫོང་བར་གྱི་འབྲེལ་མཐུད་གཞུང་ལམ་ཡང་སྤྱིར་བཏང་རྒྱལ་ཁབ་རིམ་པའི་གཞུང་ལམ་དྲ་བའི་འཆར་འགོད་ནང་བཞག །དུས་མཚུངས་སུ་གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ཟམ་རྫོང་ནས་གཡག་རྔ་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་འགོ་ཚུགས་ཤིང་། ཁྲོན་བོད་ལྕགས་ལམ་དང་ཁྲེང་ལན་ལྕགས་ལམ་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། སི་ཁྲོན་ནུབ་རྒྱུད་ས་མཐོའི་ལྷ་ལམ་འཛུགས་སྐྲུན་རྒྱུན་མཐུད་ངང་བྱེད་བཞིན་ཡོད་པ་རེད། 2019ལོའི་ལོ་མཇུག་དཀར་མཛེས་གེ་སར་གནམ་ཐང་དངོས་སུ་ཤར་གཏོང་ཐུབ་རྗེས་ནས་བཟུང་། སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་དུ་གཟི་རྩ་སྡེ་དགུའི་གསེར་ལུང་གནམ་ཐང་དང་། ཧུང་ཡོན་གནམ་ཐང་། དར་མདོའི་གནམ་ཐང་། འདབ་པའི་ཉི་སྟེང་གནམ་ཐང་སོགས་དམངས་སྤྱོད་གནམ་ཐང་ལྔ་བསྐྲུན་ཡོད། རིགས་སོ་སོའི་འགྲིམ་འགྲུལ་སྒྲིག་ཆས་ཤུགས་ཆེན་བསྐྲུན་པ་ལས་ས་གནས་དེ་གའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཤུགས་སྣོན་རྒྱག་ཐུབ་ངེས་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་དེ་གསར་བཅོས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་འགྲིམ་འགྲུལ་ལས་གྲྭ་གལ་ཆེན་མང་པོ་བསྐྲུན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ས་གནས་དེ་གའི་འགྲིམ་འགྲུལ་རྣམ་པ་གསར་རྐྱང་དུ་གྱུར་པ་དང་དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་འགྲིམ་འགྲུལ་ལས་གྲྭ་གལ་ཆེན་མང་པོ་བསྐྲུན་ནས་ཤར་གཏོང་ཐུབ་ཡོད། ད་ཆ་གནས་འདིའི་ལྷ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ནས་བོད་འབྲེལ་ཁུལ་དང་རྫོང་གི་ས་ཆ་མང་པོ་ཞིག་རིམ་པ་བཞིན་མྱུར་བགྲོད་གཞུང་ལམ་ཡོད་པའི་དུས་རབས་སླེབས་ཡོད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་ས་གནས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་རྩ་གཙོ་བོར་གྱུར་ཡོད་པར་མ་ཟད། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ཀྱང་ཧ་ཅང་མཐོན་པོ་ཡོད་པས་ལས་གྲྭའི་དཀའ་ཁག་འཛམ་གླིང་དུ་མཐོང་དཀོན་པ་དང་། ཁྲོན་བོད་ཟམ་པ་དང་པོ་སོགས་མཚོན་རྟགས་རང་བཞིན་གྱི་ལས་གྲྭས་སྔ་ན་མེད་པའི་ཀྲུང་གོའི་རྣམ་པའི་ངོ་མཚར་བཏོད་ཡོད།
ལོ་བཅུའི་ལྗང་མདོག་འཕེལ་རྒྱས་ལས། སྐྱེ་ཁམས་དཔལ་ཡོན་རྣམ་གསར་གཏོད།
རྨ་ཆུ་བདེ་ལ་འགོད་རྒྱུ་དེ་ཀྲུང་ཧྭའི་བུ་རབས་ཚ་རྒྱུད་ཀྱི་ལོ་ངོ་སྟོང་གི་རེ་སྨོན་ཡིན་ཞིང་། རྨ་ཆུ་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པའི་ཡུན་རིང་གི་ཇུས་ཆེན་ཞིག་ཡིན། ད་ལོའི་ཟླ་བཞི་པར་རྔ་བ་ཁུལ་གྱིས་དུས་གཅིག་ཏུ་རྨ་ཆུའི་ཆུ་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་བསྐྲུན་འགོ་ཚུགས་པ་དང་རྔ་བ་ཁུལ་ཡོངས་སུ་མིག་སྔར་མུའུ་5300ལྷག་ཙམ་དང་སྤྱི་ལེ་37.6གི་རྨ་ཆུའི་གཞུང་ཆུའི་སྐྱེ་ཁམས་འགོག་སྲུང་ཁུལ་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་སྲུང་སྐྱོང་བདུན་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། བཅོས་སྐྱོང་བདུན་གྱི་འདུ་འགོད་ལ་དམ་འཛིན་ནན་མོ་བྱས་ཏེ། སྦགས་བཙོག་འགོག་བཅོས་དམག་འཐབ་ཆེ་གྲས་བརྒྱད་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་ཧུར་ཐག་གིས་བཏོད་པ་རེད། རྔ་བ་ཁུལ་གྱི་ས་ཁོངས་ནང་རང་བྱུང་སྲུང་སྐྱོང་ཁུལ་ཉེར་ལྔ་དང་ནགས་ཚལ་སྤྱི་གླིང་བཅུ། འདམ་རའི་སྤྱི་གླིང་དྲུག །མཛེས་ལྗོངས་གྲགས་ཅན་ཁུལ་བཅུ། ས་གཤིས་སྤྱི་གླིང་ལྔ། རང་བྱུང་ཤུལ་བཞག་དྲུག་བཅས་བསྐྲུན་པ་དང་རྒྱ་ཁྱོན་སྤྱི་ཆིངས་ས་ཡ་སུམ་འབུམ་དྲུག་ཟིན་པ་དེས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་གྱི་42.87%ཟིན།
རྔ་བ་ཁུལ་གྱི་རྒྱ་ཁྱོན་ཕྱེད་ཀ་ཙམ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དགའ་བདེའི་དཔལ་ལ་རོལ་བའི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད། སྲུང་སྐྱོང་དང་བཅོས་སྐྱོང་བྱས་པར་བརྒྱུད། མཛོད་དགེ་རྫོང་གི་རི་སྤྱང་ཕྱིར་ལོག་ཡོད་པ་དང་། ཧུང་ཡོན་རྩྭ་ཐང་གི་རི་ལྡེབས་སླར་གསོ་ཐེབས་ཡོད། རྩྭ་ཐང་བྱེ་འགྱུར་གནོད་འཚེ་བཀག་འགོག་ཐུབ་པ་སོགས་དང་འདྲ་བར་དཀར་མཛེས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་ས་ཁོངས་དེ་གའི་གཙང་པོ་དང་ཆུ་བོ་དང་དེ་བཞིན་དེའི་ཆུ་ལག་ལ་འབྲེལ་ཡོད་སྲུང་སྐྱོང་ལམ་ལུགས་བཟོས་ནས་རི་ཆུ་ནགས་གསུམ་དང་། ཞིང་ལས། མཚེའུ། བྱེ་མ། འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྤྱི་འདོམས་ཐོག་སྐུལ་འདེད་བཏང་སྟེ་རྩྭ་ཐང་ལ་གོ་རིམ་ལྡན་པའི་ངང་དོ་དམ་བྱས་པས་རྩྭ་ཐང་སྔོ་ལྗང་དང་སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།
ལྗང་མདོག་འཕེལ་རྒྱས་ལོ་བཅུ་ལ་འབད་བརྩོན་བྱས་ཏེ་རྣམ་པ་གསར་པ་བཏོད་ཡོད། 2019ལོར་སི་ཁྲོན་ཞིང་ཆེན་གྱིས་བོད་འབྲེལ་རྫོང་དང་གྲོང་ཁྱེར་32ཚང་མ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ནང་བཅུག་ནས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་སྟེ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་དོར་རྩྭ་གསོ། འདམ་ར་སླར་གསོ། བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར། དེ་དང་ཆབས་ཅིག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གཙང་པོ་དང་མཚེའུ་ཡི་ཆུ་དཔོན་ལམ་ལུགས་མ་ལག་ཁྱོན་ཡོངས་ནས་བཙུགས་ཏེ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བསམ་འཆར་གནད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ་དང་། ཟང་ཟིང་དང་རྙོག་འཛིང་།
སྦགས་བཙོག་གི་གནད་དོན་གཙང་བཤེར་དག་ཐེར་བྱེད་པ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཚད་ལྡན་དུ་གཏོང་བ། བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་དམར་ཐིག་ནང་གི་གཏེར་ལས་བདག་དབང་གསར་འཛུགས་དང་འགྱུར་ལྡོག་གཏོང་བའི་ཞིབ་མཆན་འགོད་མཚམས་འཇོག་པ། ཆན་ཝ་ཁྲི་ལྔ་མན་གྱི་ཆུ་གློག་ཆུང་གྲས་གསར་སྤེལ་བྱ་རྒྱུ་ཁྱོན་ཡོངས་ནས་གཏན་འགོག་བཅས་བྱས་པ་རེད། མིག་སྔར་ས་གནས་དེ་གར་ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་སོ་གཅིག་ཟིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ཆུའི་སྤུས་ཚད་ལོན་ཚད་བརྒྱ་ཆའི་བརྒྱ་ཟིན་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གོ་དགུ་ཚེག་ལྔ་ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་ཁག་གཉིས་པ་བཏོད་དེ་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་ལྗང་མདོག་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཏན་ཏིག་བསྐྲུན་ཡོད། ལྗང་མདོག་ནི་ས་གནས་དེ་གའི་སྐྱེ་ཁམས་ཀྱི་རྨང་གཞི་ཡིན་ལ་ས་གནས་དེ་གའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས། ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཇུས་འགོད་བྱ་དགོས་ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་གྱི་མཛུབ་ཁྲིད་འོག་སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་གྱིས་འབྱུང་འགྱུར་དེ་བས་ལྗང་མདོག་དང་། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལེའུ་གསར་པ་ཞིག་བརྩམ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་དོ། །