༄༅།།སྣར་ཐང་དགོན།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19



        ཆོས་སྡེ་འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ཕྱོགས་ཆུ་མིག་ཆུས་ཁོངས་ཀྱི་གཞུང་ལམ་འགྲམ་དུ་ཆགས་ཤིང་། གཞིས་རྩེ་གྲོང་ཁྱེར་ནས་ཆོས་སྡེ་དེ་བར་སྤྱི་ལེ་20ཙམ་བསྐྱོད་དགོས་ཀྱི་ཡོད། དེ་ནི་སྤྱི་ལོ་1962ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས། དེ་ཡང་རི་བོ་གླང་པོ་ཆེའི་སྣ་ཞགས་བརྐྱངས་འདྲའི་འདབས་སུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྣར་ཐང་དགོན་ཞེས་མཚན་ཐོགས་པར་གྲགས། བོད་རབ་བྱུང་དང་པོའི་ས་ཡོས་སྤྱིལོ་1039ལོར་ཇོ་བོ་རྗེ་མངའ་རིས་བརྒྱུད་དབུས་གཙང་དུ་ཕེབས་པའི་ལམ་བར་སྣར་ཐང་གི་སའི་འདབས་གཞིགས་ལའི་རྩེར་ཉེ་གནས་ལ་གླང་པོ་ཆེའི་སྣ་འདྲ་བའི་རི་ཕ་གིའི་འཇག་ཐང་སྟེང་དུ་གང་འདུག་ལྟོས་ཤིག་གསུངས་པར། ཉེ་གནས་ཀྱིས་འཇག་ཐང་གི་བྲག་རྡོག་ཐོག་ལ་གསེར་སྦྲང་བཅུ་དྲུག་འདུག་ཅེས་ཞུས། ཇོ་བོ་རྗེས་ཁྱོད་རང་ལས་སྣང་མ་དག་པས་མ་མཐོང་བ་མ་གཏོགས་དེར་གནས་བརྟན་བཅུ་དྲུག་གསོ་སྦྱོང་མཛད་ཀྱིན་ཡོད། མ་འོངས་པ་ན་གནས་དེར་དགོན་སྡེ་ཆེན་པོ་ཞིག་ཀྱང་འབྱུང་ངོ་ཞེས་ལུང་བསྟན་པ་བཞིན་བོད་རབ་བྱུང་གསུམ་པའི་ཆུ་བྱ་སྤྱི་ལོ་1153ལོར་དགེ་བཤེས་ཤ་ར་བའི་དངོས་སློབ་གཙང་པ་འདུལ་འཛིན་གཏུམ་སྟོན་བློ་གྲོས་གྲགས་པས་སྣར་ཐང་དགོན་ཕྱག་བཏབ། འདི་ནི་བཀའ་གདམས་པའི་གྲུབ་མཐའ་འཛིན་པའི་དགོན་པ་ཞིག་ཡིན། ཤོད་རྒྱུན་དུ་དགོན་པ་འདི་དར་རྒྱས་ཆེ་ཤོས་ཀྱི་སྐབས་སུ་སྒྲིག་ཞུགས་དགེ་འདུན་ཞལ་གྲངས་སུམ་སྟོང་ལྷག་ཙམ་ཡོད་སྐད་ཀྱང་ལོ་རྒྱུས་ཐོག་དགོན་སྡེ་འདིར་དར་གུད་རིམ་པ་བྱུང་ནས་མཐར་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་པར་ཁང་ཆེན་མོ་ཙམ་མ་གཏོགས་ལྷག་མེད། པར་ཁང་དེ་གཞི་རྒྱ་ཅུང་ཆེ་ཞིང་པར་ཁང་གི་སྒོ་ཐོད་དུའང་ཆིང་གི་གོང་མ་གཡུང་ཀྲེའི་ཕྱག་བསྟར་མ་ཧྥུ་ཨེན་དགོན་ཞེས་པའི་སྒོ་པན་ཞིག་ཀྱང་བཀལ་ཡོད།
       སྣར་ཐང་པར་ཁང་ནི་བོད་ཀྱི་པར་ཁང་ཆེན་པོ་གསུམ་གྱི་ནང་ནས་བྱུང་སྔ་ཤོས་ཡིན་པས་དེར་པར་ཤིང་བགྲང་གིས་མི་ལངས་པར་ཉར་ཚགས་བྱས་ཡོད་ལ་དེ་དུས་ལག་བྲིས་དཔེ་ཆ་རྩ་ཆེའི་རིགས་ཀྱང་མང་པོ་ཡོད། སྣར་ཐང་པར་ཁང་དུ་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་རྒྱུ་ཡོན་སྦྱར་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཐུགས་འགན་བཞེས་ནས་སྤྱི་ལོ་1732—1742ལོ་སོ་སོར་སྔ་རྟིང་ཐོག་པར་བརྐོས་ཟིན་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་རེའི་པར་ཤིང་བཞུགས། འདི་ནི་བོད་ཀྱི་པར་ཤིང་སྔ་ཤོས་དེ་ཡིན་ལ་བཀའ་འགྱུར་སྣར་ཐང་དཔར་མ་ཞེས་པར་གཞི་ཚད་ལྡན་ཞིག་ཏུ་འཛིན་པ་རེད། པར་ཤིང་དེ་ལས་བྱུང་བའི་པར་གཞི་དང་པོ་དེ་སྔར་གཞིས་རྩེ་བཞིས་ལྷུན་དགོན་དུ་བཞུགས་སྐད།
        སྔར་སྣར་ཐང་དགོན་དུ་གྲྭ་ཚང་གཉིས་དང་། མཆོད་ཁང་གཙོ་གྲས་ཁག་བཅུ་གསུམ་ཙམ་ཡོད་པ་དེ་དག་གི་ནང་རྟེན་གཙོ་བོ་རྒྱ་གར་ནས་དྲངས་པའི་སྨན་འཇིམ་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོ་དང་། རྒྱ་གར་རྡོ་རྗེ་གདན་མཆོད་རྟེན་དང་ཤིང་བརྐོས་རེ། གསེར་ཟངས་ཀྱི་ཤཱཀྱ་ཐུབ་པ་སོགས་བཞུགས། དེ་མིན་སྐུ་རྟེན་དང་ལྡེབས་བྲིས་སོགས་མང་པོ་ཡོད་པ་ཕུད། ད་དུང་མིང་དང་ཆིང་རྒྱལ་རབས་ཀྱི་གཡུང་ལེ་ཁྲི་ལོ་བཅུ་བདུན་དང་ཉེར་གཅིག་སོ་སོའི་དུས་ཀྱི་བཀའ་ཤོག་ཁག་གཉིས་ཙམ་ཉར་ཚགས་བྱས་ཡོད།   གཞན་ཡང་གདུང་རྟེན་ལྷ་ཁང་དུ་གདན་རབས་རིམ་བྱོན་གྱི་སྐུ་གདུང་ལི་མ་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་ཆེ་བ་ཐོག་ཚད་མས་གཙོས་ཆུང་ཤོས་མཐོ་གང་ཙམ་བར་ཡོད་པ་བརྒྱ་ཕྲག་བརྒལ་བ་དང་། རྒྱལ་བའི་བཀའ་འགྱུར་གསེར་ཆོས་ཆ་ཚང་ཡང་བཞུགས། གདུང་རྟེན་གྱི་ཁྲོད་ནས་ཆེ་ཤོས་ནི་ཉེ་གནས་པ་སྙན་གྲགས་བཟང་པོས་བཞེངས་པའི་མཁན་ཆེན་བློ་བཟང་གྲགས་ཀྱི་གདུང་རྟེན་བཀྲ་ཤིས་སྒོ་མང་མཆོད་རྟེན་ཐོག་ཚད་ལྔ་ཙམ་ཡོད་པ་དེ་ཡིན། མཆོད་རྟེན་དེའི་བང་རིམ་དང་པོའི་ཐོག་ཕྱོགས་བཞིར་ལྷ་ཁང་གསུམ་རེ་དང་། བང་རིམ་གཉིས་པའི་ཐོག་ཕྱོགས་བཞིར་ལྷ་ཁང་རེ་བཅས་ཁྱོན་བསྡོམས་ལྷ་ཁང་བཅུ་དྲུག་ཡོད་པ་དེ་དག་གི་ནང་རྟེན་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྤྱན་རས་གཟིགས་ཕྱག་བཞི་པ། གཏུམ་སྟོན་བློ་གྲོས་གྲགས་བཅས་ཀྱི་སྐུ་བཪྙན་བཞུགས་ཡོད་པ་བཅས་ཡིན་ཡང་དུས་རིམ་ཁག་དང་ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ཤུལ་མེད་བཟོས། ད་ལྟ་ལྷ་གཅིག་ཙམ་གསར་སྐྲུན་བྱས་ཡོད་པ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1