༄༅།། རི་དྭགས་གཙོད་དང་འབྲེལ་བའི་ཤེས་རྟོགས་གསར་བ་ཞིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-01




         གསར་འགོད་པས་མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་རིམ་པས་མཉམ་དུ་བསྐྲུན་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚན་ཞིབ་མི་སྣས་ལོ་ངོ་བདུན་གྱི་རིང་ལ་ལྟ་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། གཙོད་ཁྱུ་ལོ་རེ་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཨ་ཆེན་གངས་རྒྱབ་ཏུ་ཕྱིན་ཏེ་གཙོད་ཕྲུག་བཙའ་བའི་རྒྱུ་རྐྱེན་གཅིག་ནི་ཕལ་ཆེར་གཞན་བརྟེན་སྲིན་འབུ་ཡིས་རེད་པ་ལ་གཡོལ་བའི་ཆེད་ཡིན་པ་ཤེས་རྟོགས་བྱུང་བ་རེད།

 

         “མཐོ་སྒང་གི་བླ་སྲོག”ཅེས་པའི་རི་དྭགས་གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། དེ་ཚོ་རང་ཞིང་གི་ཨ་ཆེན་གངས་རྒྱབ་དང་བོད་ལྗོངས་ཀྱི་བྱང་ཐང་། ཞིན་ཅང་གི་ཨར་ཅིན་ཧྲན་སོགས་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་ཡོད་པ་དང་། ལོ་རེའི་ཟླ5པར། གཙོད་མ་ཁྱུ་དང་ཁྱུ་བྱས་ནས་གཞི་རྒྱ་ཆེ་བའི་ངང་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་དང་ཉི་མ་མཚོའི་འགྲམ་དུ་གནས་སྤོ་བྱས་ཏེ་གཙོད་ཕྲུག་བཙའ་ཞིང་། ལོ་དེའི་ཟླ7པ་ནས8པའི་བར། ཡང་བསྐྱར་གཙོད་ཕྲུག་ཁྲིད་ནས་སྔར་ལམ་བརྒྱུད་དེ་སྔོན་ཆད་ཀྱི་འཚོ་གནས་ས་ཆར་ལོག་པ་ཡིན། གཙོད་ཁྱུའི་ཕར་འགྲོ་ཚུར་ལོག་གི་ལམ་ཐག་ལ་སྤྱི་ལེ་སུམ་བརྒྱ་བཞི་བརྒྱ་ཙམ་ཡོད།

        གཙོད་ཁྱུའི་ལམ་ཐག་རིང་བའི་གནས་སྤོའི་རྒྱུ་རྐྱེན་འདི་སྔར་ནས་བཟུང་རིག་གཞུང་སྡེ་ཡིས་དོ་ཁུར་བྱེད་པ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་རིམ་པས་མཉམ་དུ་བསྐྲུན་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཀྲའོ་ཞིན་ཆོན་གྱིས་མཚམས་སྦྱོར་བྱས་ན། ཚན་རིག་པས་གཙོད་ཁྱུའི་ལམ་ཐག་རིང་བའི་གནས་སྤོ་འདིའི་རྒྱུ་རྐྱེན་ལ་ལྟ་ཚུལ་མང་བོ་བཏོན་ཡོད་ཅིང་། དེའི་ནང་དུ་གཟན་རྩྭ་ཆུ་ཁུངས་དང་གཞི་རྒྱུ་སྤེལ་རེས། གཉེན་པོ་ལ་གཡོལ་བ། རིགས་རྒྱུད་ཀྱི་ལོ་རྒྱུས་དྲན་ཤེས་སོགས་ཡོད་པ་དང་། དེ་ཚང་མ་ལ་ཐད་ཀར་གྱི་དཔང་དངོས་ཅི་ཡང་མེད། ཡིན་ནའང་། གཞན་བརྟེན་སྲིན་འབུ་ཡིས་རེད་པ་ལ་གཡོལ་བ་ནི་རིག་གཞུང་སྡེ་ཡིས་རྨིག་ཐོགས་རི་སྐྱེས་སྲོག་ཆགས་གནས་སྤོ་བྱེད་པའི་རྒྱུ་རྐྱེན་གཅིག་ཡིན་པར་འདོད་ཡོད་སྟབས། ཞིབ་འཇུག་ཚོགས་པའི་བློ་རྩེ་ཡང་དེའི་ཕྱོགས་ལ་གཏད་པ་རེད། 

  


         “བསྟུད་མར་རྒྱུད་སྤེལ་དུས་ཚིགས་གཉིས་ཀྱི་རིང་ལ་ཕྱི་རོལ་ཡུལ་ནས་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་གཙོད་ཀྱི་རིལ་མ་གསར་བའི་ནང་གི་གཞན་བརྟེན་སྲིན་འབུ་ནི་ཉིན30ཡི་རྗེས་ལ། ད་གཟོད་འབུ་ཕྲུག་ལ་འགྱུར་བའི་དུས་སྐབས་དང་པོ་རུ་སླེབས་པ་དང་། དེའི་སྔོན་དུ། གཞན་བརྟེན་སྲིན་འབུའི་སྒོ་ང་ལ་རེད་པའི་རང་བཞིན་མེད་པ་ཤེས་རྟོགས་བྱུང་། གཙོད་མ་རྣམས་གཙོད་གནས་མཚོའི་འགྲམ་དུ་གནས་སྤོ་བྱས་རྗེས། ཉིན21ནས27ཙམ་ལ་བསྡད་རྗེས་ཕྱིར་ལོག་བཞིན་ཡོད་པས། གཞན་བརྟེན་སྲིན་འབུ་ཡིས་རེད་པ་ལ‘ཡང་དག་ངང་གཡོལ་ཡོད་པ’རེད། བརྟག་དཔྱད་སྔར་ལས་ལྷག་པ་ཞིག་བྱས་ན། ཨ་ཆེན་གངས་རྒྱབ་ཀྱི་ཡ་ང་བའི་ཁོར་ཡུག་གིས་ཀྱང་འཇུ་ལམ་གྱི་གཞན་བརྟེན་སྲིན་འབུ་བདེ་བླག་ངང་དགུན་སྒྲོལ་བྱེད་དུ་བཅུག་མེད་སྟབས། གསར་སྐྱེས་གཙོད་ཕྲུག་ལ་གཞན་བརྟེན་སྲིན་འབུ་ཡིས་རེད་པའི་ཁུངས་སམ་ཡང་ན་རེད་པར་བྱེད་པའི་གོ་སྐབས་མེད་པར་བྱས་ཡོད། རྒྱུ་ལམ་རེད་པ་དང་ཁྲག་ཐོན་པ། ཐ་ན་འཆི་བའི་ཉེན་ཁ་བཅས་ཇེ་ཉུང་དུ་སོང་ཡོད་པ་ལས། གཙོད་ཁྱུ་གནས་སྤོ་བྱས་ཏེ་གཞན་བརྟེན་སྲིན་འབུ་ཡིས་རེད་པ་ལ་གཡོལ་བ་དེར་ཕན་ཁེ་ཐོབ་ཡོད་པ་མཚོན”ཞེས་ཀྲའོ་ཞིན་ཆོན་གྱིས་བཤད།

        ལོ་ངོ7གྱི་རིང་ལ་ལྟ་དཔྱད་དབྱེ་ཞིབ་བྱས་པ་ན། ཀྲའོ་ཞིན་ཆོན་དང་ཞིབ་འཇུག་ཚོགས་པས་གཙོད་ཁྱུ་གནས་སྤོ་བྱེད་པ་ནི“གཟན་རྩྭའི་ཆེད་དུ་ཡིན་པར་སྨྲ་བ”འདི་རྒྱུ་རྐྱེན་མིན་པར་བྱས་ཡོད། “གནས་སྤོ་དུས་ཚོད་ཟླ5པའི་ཟླ་དཀྱིལ་དང་ཟླ་སྨད་ནས་ཟླ་སྟོད་ལ་སྔ་བསྣུར་བྱས་པ་འདི་ནི་ནམ་ཟླ་དྲོད་འགྱུར་བརླན་འགྱུར་དུ་སོང་བ་དང་འབྲེལ་བ་ཡོད་ཅིང་། ལམ་བར་གྱི་རྩྭ་སྐྱ་སྔོ་འགྱུར་ཡང་སྔ་བསྣུར་བྱས་ཡོད་སྟབས། གཙོད་ཁྱུ་ཡིས་ལམ་བར་གྱི་དུས་ཚོད‘བསམ་བཞིན་དུ’ནར་འགྱངས་བྱས་ཡོད། ཡིན་ནའང་། མཉམ་འཇོག་བྱ་དགོས་པ་ཞིག་ལ། གཙོད་གནས་མཚོ་རུ་གཙོད་ཕྲུག་བཙའ་བའི་དུས་ཚོད་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད།” ཀྲའོ་ཞིན་ཆོན་གྱིས2019ལོར་གཙོད་གནས་མཚོའི་རགས་ཁ་ཤོར་ནས་མཚོ་ཆུ་ཕྱི་ལ་ཤོར་བ་དང་། ནུབ་ངོས་ཀྱི་མཚོ་མཐིལ་ཕྱིར་བུད་དེ་བྱེ་མར་གྱུར་ཡོད་ནའང་། གཙོད་ཁྱུ་སྔར་བཞིན་ལོ་ལྟར་གནས་འདི་ལ་ཡོང་བཞིན་འདུག་ཅེས་བཤད་པ་རེད། 

  


         ཀྲའོ་ཞིན་ཆོན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཙོད་ནི་ཁྲི2ཙམ་ཡང་མེད་པ་ནས་ད་སྐབས་ཁྲི7ལ་ཉེ་བ་ཞིག་ཏུ་འཕེལ་ཡོད་པ་འདི་ལ། མིའི་རིགས་ཀྱིས་སྲུང་སྐྱོབ་ནུས་ལྡན་བྱས་པའི་མི་ཚད། ད་དུང་གསར་སྐྱེས་གཙོད་ཕྲུག་རྣམས་གནས་སྤོའི་ལམ་བར་དུ་གཞན་བརྟེན་སྲིན་འབུ་ཡིས་རེད་པ་ལ་གཡོལ་ཐུབ་པ་ལས། སྔ་དུས་ཀྱི་གསོན་ཚད་ཅུང་མཐོ་བར་གྱུར་པའི་དབང་གིས་ཀྱང་ཡིན་ཞེས་བསྟན་པ་རེད། དེར་བརྟེན། ཀྲའོ་ཞིན་ཆོན་གྱིས་གཙོད་གནས་མཚོ་དང་དེའི་ཉེ་འཁོར་ཁྱབ་ཁོངས་ཀྱི་སྐྱེ་ཁམས་གདོད་གནས་རང་བཞིན་དང་འཐུས་ཚང་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ། གཙོད་ཁྱུ་གནས་སྤོའི་ལམ་ཐིག་ལ་གནོད་འཚེ་མི་ཐེབས་པ་ཁག་ཐེག་བྱས་ནས་གཙོད་ཀྱི་རིགས་རྒྱུད་མུ་མཐུད་དུ་སླར་གསོ་དང་འཕེལ་རྒྱས་འབྱུང་བར་བྱ་དགོས་ཞེས་གྲོས་མགོ་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1