གཅིག་སྒྲིལ་ནོར་གནག་ལ་སྤུས་ཚད་ཁྱད་འཕགས་ཀྱི་དཔང་རྟགས་ཐོབ་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-02



     སྤྱི་ཟླ་10པའི་ཚེས་28ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཉིན་ཤས་གོང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་ནོར་གནག་ལ་གནམ་གཤིས་སྤུས་ཚད་ཁྱད་འཕགས་ཞེས་པའི་དཔང་རྟགས་ཐོབ་ཡོད།ངོ་སྤྲོད་བྱས་པར་གཞིགས་ན། དཔང་རྟགས་འདི་ཐོབ་པ་དེས་གཅིག་སྒྲིལ་ནོར་གནག་དང་འབྲོག་ལས་ཐོན་རྫས་ཀྱི་ཚོང་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ནས་ལྗང་མདོག་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།

 

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔང་རྟགས་ནི་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱིས་གཅིག་སྒྲིལ་རྫོང་གནམ་གཤིས་ཅུས་དང་མཉམ་འབྲེལ་བྱས་ནས་གཅིག་སྒྲིལ་ནོར་གནག་གི་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། ལྗང་མདོག་ཕྱུགས་དར་མཐའ་འཁྱོངས་བྱས་ཏེ་འབྲོག་ལས་ལེགས་ཐོན་ཅན་དང་།ཁྱད་ལྡན་ཅན།སྤུས་རྟགས་ཅན་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འབྲོག་ལས་ཐོན་རྫས་ཀྱི་སྤུས་རྟགས་བཏོད་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་། གཅིག་སྒྲིལ་གནམ་གཤིས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་གྱིས་གཅིག་སྒྲིལ་ནོར་གནག་སྐྱེ་འཚར་གྱི་ལེགས་ཆར་དབྱེ་ཞིབ་དང་གནམ་གཤིས་ཆ་རྐྱེན་ལ་ཞིབ་འཇུག་བྱས་པ་བརྒྱུད། ནོར་གནག་སྐྱེ་འཚར་ཆེད་གཅིག་སྒྲིལ་ནོར་གནག་གི་སྤུས་ཚད་ཁས་ལེན་ལས་དོན་སྤེལ་བ་ཞིག་རེད།སྤུས་ཚད་དཔང་རྟགས་ཤོག་བྱང་ནང་སྤུས་ཚད་ཀྱི་རྩ་གཉིས་ཨང་རྟགས་ཚུད་ཡོད་པས་ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་གྱི་ཆ་འཕྲིན་དང་ཐོན་རྫས་སྐྱེ་འཚར་གྱི་ཆ་འཕྲིན་ཁུངས་འདེད་ཐུབ་ཀྱི་ཡོད་པ་དང་། འཛད་སྤྱོད་པར་ནོར་གནག་ཐོན་རྫས་ཐོན་སྐྱེད་བྱེད་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་ལེགས་ཆར་ཁྱོན་ཡོངས་ནས་མངོན་པར་བྱེད་ཐུབ་པས་མདུན་ལམ་ཆེན་པོ་ཡོད། 

 

     ཞིང་ཆེན་གནམ་གཤིས་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས།གནམ་གཤིས་ཀྱི་ཐོན་རྫས་ཡག་པའི་ཚོང་རྟགས་གྲགས་ཅན་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ།སྣོད་བཅུད་གནམ་གཤིས་ཀྱི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་གནམ་གཤིས་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་གནམ་གཤིས་འགན་ལེན་གྱི་ཞབས་ཞུ་བྱེད་རྒྱ་ཆེ་རུ་གཏོང་བ་དང་།ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འདེབས་འཛུགས་དང་གསོ་ཚགས་ཀྱི་རྟེན་གཞིར་བརྟེན་ནས་ཞིང་འབྲོག་ཐོན་རྫས་ཀྱི་གནམ་གཤིས་ཞབས་ཞུའི་ཚོང་རྟགས་རྒྱུན་མཐུད་ངང་བཏོད་དེ་སྤུས་ལེགས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དེ་བས་མང་བར་གནམ་གཤིས་སྤུས་ཚད་ཀྱི་གདེང་འཇོག་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1