སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 11-02



      ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའི་སྣེ་ཁྲིད་དེ་ཡན་ཨན་གསར་བརྗེ་དྲན་གསོའི་གནས་ལ་མཇལ་བ་སོགས་གསུང་བཤད་གལ་ཆེན་གྱི་སྙིང་དོན་དང་། ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་ནས་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སི་ཁྲོན་ཞིང་ཆེན་གྱི་དོན་འཁྱོལ་ལག་ལེན་བསམ་འཆར་ལ་ཞིབ་འཇུག  སྔོན་གྱི་དུས་ཚིགས་གསུམ་རིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྤྱོད་གནས་ཚུལ་དང་ལོ་གང་བོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་འབེན་སྒྲུབ་པའི་འབྲེལ་ཡོད་བྱེད་ཐབས་ཀྱི་སྙན་ཞུ་ལ་གསན་ནས་ཕྱིན་ཆད་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། གྲོས་ཚོགས་ཐོག་འབྲེལ་ཡོད་ཡིག་ཆ་ལ་གྲོས་ཞིབ་བྱས་པ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།  


     གྲོས་ཚོགས་ཐོག  སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆབ་སྲིད་འཛུགས་སྐྱོང་དང་ཀུན་སྤྱོད་འཛུགས་སྐྱོང་འགོ་བརྩམས་པ་དེས།  ཏང་ཀྲུང་དབྱང་གིས་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་བ།   ཏང་གི་མཐུན་བསྒྲིལ་གཅིག་གྱུར་གྱི་སྙིང་སྟོབས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་མངོན་ཡོད་ལ། ཀུན་སྤྱོད་དང་སྒྲིག་ལམ་གྱི་ཁུངས་བཙན་པོ།  ཏང་དང་མི་དམངས་མང་ཚོགས་བར་འོ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོའི་ཆོད་སེམས་བརྟན་པོ་མཚོན་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་ལ་མིག་དཔེ་སྟོན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་ཇེ་ཟབ་སྤེལ་བར་དཔེ་སྟོན་དང་སྣེ་ཁྲིད་པའི་དོན་སྙིང་གལ་ཆེན་ལྡན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་གི་གསུང་བཤད་གལ་ཆེན་ལས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཐད་ཁོང་དུ་ཆུད་དགོས་པའི་རྩ་དོན་གལ་ཆེན་དང་བྱེད་ཐབས་གལ་ཆེན་སྒྲོག་འགྲེལ་ཟབ་མོ་བྱས་པས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་མི་སེམས་སུ་ཟུག་པ་དང་ལག་ལེན་དོན་འཁྱོལ་ཐུབ་པའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡན་ཨན་གསར་བརྗེ་དྲན་གསོའི་གནས་མཇལ་དུས་ཀྱི་གསུང་བཤད་གལ་ཆེན་ལས། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་པས་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་འབད་བརྩོན་སྙིང་སྟོབས་རྒྱུན་འཛིན་རྣམ་འགྱུར་གསལ་པོ་མངོན་ཞིང་། འགན་སྒྲུབ་ལམ་བུ་གསར་པའི་ཐོག་ལོ་རྒྱུས་དང་མི་དམངས་ལ་བྱས་རྗེས་ཡག་པོ་འཇོག་པའི་ཡིད་ཆེས་བརྟན་པོ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་གཟིགས་ཞིབ་གནང་དུས། ཡན་ཨན་སྙིང་སྟོབས་དང་དར་དམར་ཆུ་རྐའི་སྙིང་སྟོབས་དར་སྤེལ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེས། སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཀ་ལ་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་མ་ཟད་ལག་ལེན་དོན་འཁྱོལ་བྱེད་དགོས་ཞེས་བཏོན།


     གྲོས་ཚོགས་ཐོག  ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་ནས། ཁྱོན་ཡོངས་ནས་སློབ་སྦྱོང་ཁོང་དུ་ཆུད་པ། ལག་ལེན་བསྟར་བའི་ཐད་འབད་པ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དེ་སི་ཁྲོན་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་དང་། སི་ཁྲོན་དེང་རབས་ཅན་གྱི་འཛུགས་བསྐྲུན་ཇེ་མགྱོགས་གཏོང་བ།  རྒྱང་སྐྱོད་གསར་པའི་ཐོག  འབད་པ་ལྷོད་མེད་ཀྱིས་སི་ཁྲོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།  ཁྱོན་ཡོངས་ནས་ཆབ་སྲིད་འཛུགས་སྐྱོང་ཇེ་དྲག་གཏོང་བ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས།  བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཟབ་མོ་བྱེད་དགོས། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་གི་ལངས་ཕྱོགས་བརྟན་པོ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ཀུན་སྤྱོད་རྒྱུན་མ་ཆད་པར་ལེགས་སྒྱུར་བཅས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། ཏང་སྤྱོད་བཟང་པོས་སྲིད་དང་དམངས་ཀྱི་སྲོལ་བཟང་སྤེལ་དགོས་ཞེས་བསྟན་པ་རེད།


      གྲོས་ཚོགས་ཐོག  ད་ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་ལ་ཕྱོགས་མང་པོའི་དཀའ་ཁག་འཕྲད་ཡོད། དཔལ་འབྱོར་འགག་སྒྲོལ་ཁྲོད་དཀའ་སྤྱོད་སྡུག་རུས་ཀྱིས་མདུན་དུ་བསྐྱོད།  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་པོ་དང་། དཀའ་བ་ཁྱད་གསོད། དཀའ་སྤྱད་འབད་བརྩོན། ནུས་ཤུགས་ཡོད་རྒུས་དུས་ཚོད་དམ་འཛིན་དང་ལས་ཀར་སྐུལ་འདེད། ལས་སྒྲུབ་མགྱོགས་མྱུར། གྱོང་གུད་ཁ་གསབ་བཅས་བྱས་ཏེ། ཅི་ཐུབ་གང་ཐུབ་ཀྱིས་གྲུབ་འབྲས་ཡག་པོ་ལོན་དགོས། དགོས་མཁོ་ལྟར་གཏིང་ཤུགས་སྔོག་འདོན་དང་ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་དམ་འཛིན་དང་མ་གཏོང་ལ་སྐུལ་མ་གཏོང་བ། བྱེད་ཐབས་སྣ་མང་སྒོས་ནང་མཁོ་རྒྱ་བསྐྱེད་དང་འཛད་སྤྱོད་ལ་སྐུལ་མ། ཕྱོགས་བསྡུས་ཐབས་ཇུས་བཏོན་ནས་ཚོང་ར་རྒྱ་བསྐྱེད་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་བཏང་ནས་ཕྱོགས་གསུམ་མཉམ་དུ་ཤུགས་འདོན་དགོས། མཁོ་འདོན་ཐད་ཀྱི་སྲ་བརྟན་རིན་འཕར་ལ་དམིགས་ནས། ཞིང་ལས་ཀྱིས་བྱས་རྗེས་དེ་བས་མང་པོ་འཇོག་པར་སྐུལ་འདེད་དང་བཟོ་ལས་སླར་གསོ་བརྟན་པོ་ཡོང་བ། ཞབས་ཞུ་ལས་རིགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཐོན་ལས་གསུམ་པོ་སླར་གསོ་འཕེལ་རྒྱས་གཏོང་དགོས། རྩ་གནད་དམ་འཛིན་དང་འགན་སྲུང་ཇེ་དྲག་གཏོང་བ།   ཉེན་མེད་གློག་ནུས་མཁོ་འདོན་འགན་སྲུང་མ་ལག་བསྐྲུན་པ་དང་། ནོར་སྲིད་གྲོན་སོང་གི་སྒྲིག་གཞི་ལེགས་སྒྱུར། ཉེན་ཁ་ཆེན་པོ་འགོག་སེལ། བློ་བརྟན་གྱུར་མེད་ཀྱིས་རིམས་ནད་འགོས་ཁྱབ་ཆེན་པོ་དང་བྱུར་རྐྱེན་ཚབས་ཆེན་མི་ཤོར་བའི་མ་ཐིག་བརྟན་སྲུང་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་དགོས་ཞེས་བསྟན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1