ད་ལོའི་ཟླ་4ཚེས་1ཉིན་ནས་བཟུང་། བྱ་སྤུའི་གྱོན་ཆས་ཐད་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བཟོས་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན། ད་ལོའི་དགུན་དུས་ནི་བྱ་སྤུའི་གྱོན་ཆས་ཐད་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དོན་འཁྱོལ་བྱུང་རྗེས་ཀྱི་བྲིན་ཚོང་དུས་ཚིགས་དང་པོ་དེ་ཡིན། འོ་ན། བྱ་སྤུའི་གྱོན་ཆས་ཀྱི་ཚོང་རར་འགྱུར་ལྡོག་གང་དག་བྱུང་ཡོད་དམ། འཛད་སྤྱོད་པས་ཅི་ཞིག་ལ་མཉམ་འཇོག་བྱ་དགོས།
གསར་འགོད་པ་ཅང་སུའུ་ནན་ཅིང་ཞིན་ཅེ་ཁུའོ་ཚོང་ལས་ཁུལ་དུ་ཕྱིན་དུས། ཚོང་པ་ཚོས་མཚམས་སྦྱོར་བྱས་དོན། ཟླ་བཅུ་པའི་ཟླ་སྨད་ནས་བཟུང་བྱ་སྤུའི་གྱོན་ཆས་བྲིན་དུས་སུ་རིམ་བཞིན་སླེབས་པ་རེད། ད་ལོའི་ཟླ་4པ་ནས་བཟུང་བྱ་སྤུའི་ཐད་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དངོས་སུ་ལག་བསྟར་བྱས་པ་དེའི་འགྱུར་བ་ཆེ་ཤོས་ནི་“བྱ་སྒྲོ་འདུས་ཚད”དེ་“བྱ་སྤུ་འདུས་ཚད”ལ་བསྒྱུར་ཡོད་པ་རེད།
“བྱ་སྒྲོ་འདུས་ཚད”དང་“བྱ་སྤུ་འདུས་ཚད”གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། དེ་སྔའི་ཚད་གཞིའི་ནང་བྱ་སྒྲོ་འདུས་ཚད་ལ་བྱ་སྤུ་དང་བྱ་སྒྲོ་མཉམ་དུ་བརྩིས་ཡོད་ཅིང་། འཛད་སྤྱོད་པར་འཁྲུལ་སྣང་བཟོ་སླ་བ་རེད།
རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱས་རྗེས། གྱོན་ཆས་གྲུབ་རྫས་ཀྱི་བྱ་སྤུ་འདུས་ཚད་50%ཡན་ཟིན་ཚེ། ད་གཟོད་བྱ་སྤུའི་གྱོན་ཆས་ཞེས་འབོད་ཆོག འཛད་སྤྱོད་པས་ཉོ་སྐབས་སུ་བྱ་སྤུ་འདུས་ཚད་ལ་བལྟས་ན། ཕལ་ཆེར་བྱ་སྤུའི་གྱོན་ཆས་ཀྱི་དྲོད་གཤིས་ཤེས་ཐུབ། གཞན་ཡང་། བྱ་སྤུའི་རིགས་ཀྱི་མཚོན་རྟགས་ནི་བྱ་གག་གི་སྤུ་དང་ངང་དཀར་གྱི་སྤུ་ཁོ་ན་དབྱེ་བ་ལས་སྤུ་མདོག་སྐྱ་བོ་དང་སྤུ་དཀར་པོ་སོགས་ཀྱི་དབྱེ་བ་མེད། ཆེད་ལས་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འཛད་སྤྱོད་པས་གལ་ཏེ་ཚད་ལྡན་གྱི་བྱ་སྤུའི་གྱོན་ཆས་ཤིག་ཉོ་འདོད་ན། ཉོ་དུས་རྟགས་མཚན་ཆ་ཚང་ཡིན་མིན་དང་། མིང་དང་ས་གནས། བདེ་འཇགས་རིགས། ཚི་སྣའི་འདུས་ཚད་སོགས་ཚད་ལྡན་ཡིན་མིན་ལ་བལྟ་དགོས།