ཟླ་11ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པཱ་ཙེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པཱ་ཙེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས། སྐུ་ཉིད་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་མ་ཟད། ཁྱེད་ཀྱིས་ཐོག་མ་ཉིད་དུ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པར་འཕྲིན་ཡིག་སྤྲིངས་ཏེ་རྟེན་འབྲེལ་ཞུས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་འཛམ་གླིང་འགྱུར་ལྡོག་དང་དུས་བབ་ཟང་ཟིང་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་འབད་འབུངས་མདུན་སྐྱོད་བྱས་པ་ལས་ཀྲུང་ཕའི་དབར་གྱི་མཛའ་གྲོགས་ཟབ་མོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་ཕའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་ཏེ་ཕ་ཁི་སི་ཐན་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འཇོག་ཁ་ཕྱོགས་སུ་བཞག་པ་དང་། ཕ་ཁི་སི་ཐན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཆུ་ཚད་མཐོ་རུ་བཏང་སྟེ་དུས་རབས་གསར་པར་ཀྲུང་ཕའི་ལས་དབང་གཅིག་མཐུན་འདུས་གྲུབ་དེ་བས་ཟབ་པ་གང་མགྱོགས་བསྐྲུན་ནས་ཀྲུང་ཕའི་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཕ་ཁི་སི་ཐན་ཕྱོགས་ནས་ཀྲུང་གོའི་དབར་གྱི་མཛའ་གྲོགས་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བ་དང་དོ་ཁུར་གལ་ཆེན་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། འཕེལ་རྒྱས་ཀྱི་ཁེ་ཕན། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཕ་ཁི་སི་ཐན་བརྟན་ལྷིང་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་ཡོང་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་མི་དམངས་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པར་གདུང་སེམས་མཉམ་སྐྱེ་དང་ཛ་དྲག་རོགས་སྐྱོབ་བྱས་ཏེ་ཕ་ཁི་སི་ཐན་གྱི་གེགས་རྗེས་བསྐྱར་སྐྲུན་ལ་རོགས་རམ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་གེགས་རྗེས་ཞིང་ལས་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར། གེགས་འགོག་གེགས་སེལ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་ཞིང་། ཞི་ཅིན་ཕིང་གིས། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མུ་མཐུད་མཐའ་འཁྱོངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་ཕ་ཁི་སི་ཐན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་མཉམ་འབྲེལ་མཉམ་ལས་ཨུ་ལྷན་གྱི་ལམ་སྲོལ་ཡག་པོ་སྤྱད་དེ། ལས་ཕྱོད་དེ་བས་ཆེ་བར་བརྟེན་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རང་བཞིན་གྱི་འདུ་འགོད་ཅིག་ཏུ་སྐྲུན་དགོས། ཀྭ་ཏར་གྲུ་ཁའི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ས་ཁུལ་སྦྲེལ་མཐུད་འཕེལ་རྒྱས་ཐད་ཐོན་པའི་གྲུ་ཁའི་སྐུལ་ཁྲིད་ནུས་པ་འདོན་དགོས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ལྕགས་ལམ་དང་པོའི་མ་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་དང་ཁ་ལ་ཆིའི་གྲོང་སྐོར་ལྕགས་ལམ་རྣམ་གྲངས་སྔ་ཙམ་ལག་ལེན་བསྟར་ཆེད་མཐུན་རྐྱེན་སྐྲུན་དགོས། ཕ་ཁི་སི་ཐན་གྱིས་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་དང་། དྲ་ཐོག་ཚོང་དོན། འོད་ཤུགས་སོགས་ནུས་རྒྱུ་གསར་པའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཞིང་ལས་དང་། ཚན་རྩལ། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཕ་ཁི་སི་ཐན་ཕྱོགས་ཀྱི་དངུལ་རྩའི་དུས་བབ་བརྟན་པོ་ཡོང་ཆེད་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་བཟོ་ལས་སྟོབས་ཆེན་ཞིང་ཆེན་དང་ཕ་ཁི་སི་ཐན་ཕྱོགས་ཆ་སྒྲིག་གིས་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བའང་ཡོད། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་བའི་བདེ་འཇགས་གནད་དོན་ལ་ང་སེམས་ཁྲལ་ཆེན་པོ་འདུག་པས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དུ་མཉམ་ལས་བྱེད་པར་སྐྱོད་མཁན་ཀྲུང་གོའི་སྒྲིག་གཞི་དང་མི་སྣར་བློས་འགེལ་ཆོག་པའི་བདེ་འཇགས་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་ཡོང་བཞིན་ཡོད། མཐོ་ཚད་གཏན་འཁེལ་མེད་པའི་འཛམ་གླིང་གི་མདུན་དུ་ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་རྒྱལ་སྤྱིའི་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་མཐའ་འཁྱོངས་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་གཞོགས་འདེགས་དམ་ཟབ། ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་མཁོ་འདོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་ཡག་པོ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་དང་ཀུན་ཕན་གཉིས་ཁེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་པ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་ཐུན་མོང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཤ་པཱ་ཙེ་ཡིས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་བདེ་བླག་ངང་འཚོགས་རྗེས་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་ཁག་དང་པོའི་གྲས་སུ་གྱུར་པར་ང་ཧ་ཅང་དགའ་པོ་བྱུང་། དེ་ཐོག་ནས་ཕ་ཀྲུང་དབར་གྱི་མཛའ་གྲོགས་ཟབ་མོ་གང་ལེགས་མངོན་ཡོད། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བསྟུད་མར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། འདས་ཟིན་པའི་ལོ་བཅུའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་དུས་རབས་ཀྱི་ངོ་མཚར་ཞེས་བརྗོད་ཆོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་མ་ཟད། རྒྱལ་སྤྱིའི་ཐོག་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཐུན་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་གང་ལེགས་མངོན་ཡོད། འཛམ་གླིང་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་ལ། ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱེད་མི་ཐུབ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་མཁྱེན་རྒྱ་ཡངས་པོ་ལས་ཀྲུང་གོས་སྔར་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་རྒྱུར་མུ་མཐུད་འགོ་ཁྲིད་གནང་ཐུབ་རྒྱུ་མ་ཟད། འཛམ་གླིང་འདི་ཉིད་དེ་བས་འོད་སྟོང་འབར་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་ཡང་སྣེ་ཁྲིད་ཐུབ་རྒྱུའི་ཡིད་ཆེས་ཡོད།