༄༅།།གནའ་རྫས་གསར་རྙེད་ལ་རྟོག་ཞིབ་ཇི་ལྟར་བྱས་པའི་སྐོར།

ཞུའུ་ཝན་ཧུའུ རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་མ་ལའི་བོན་གྱི་དྲ་བ་ལས་དྲངས། སྤེལ་དུས། 11-10


 དར་བའི་དུས་ནི་རྨི་ལམ་བཞིན་དུ་ཡལ་ཞེས་པའི་དཔེ་བཞིན་དུ། འཛམ་གླིང་གི་ཡང་རྩེའི་ཡང་རྩེ་རུ་འབོད་པའི་བོད་ལྗོངས་མངའ་རིས་ས་ཆ་ནི་རི་བོ་ཀུན་གྱི་རྩེ་དང་ཆུ་བོ་ཀུན་གྱི་འགོ་ཡིན་ལ། གནའ་བོའི་ཞང་ཞུང་གི་རིག་གནས་ཀྱང་ཡུལ་འདི་ནས་ཆད་པ་རེད། ཞང་ཞུང་ནི་གནའ་བོའི་ཞང་ཞུང་ཡི་གེ་ལས་བྱུང་བའི་མིང་ཞིག་ཡིན་ཞིང་། ཞང་ནི་རུས་དང་ཞུང་ནི་ལུང་ཤུར་དང་ལུང་པ་ལ་གོ་བ་ལེན་མཁན་ཡོད། ལོ་རྒྱུས་ཡིག་ཆ་ལྟར་ན་ཞང་ཞུང་གི་རྒྱལ་རབས་ནི་ལོ་ངོ་༣༨༠༠སྔོན་ནས་གྲུབ་ཅིང་། སྤྱི་ལོ་དུས་རབས་བདུན་པའི་གོང་དུ་དར་བའི་རྩེར་སོན། སྤྱི་ལོ་དུས་རབས་བདུན་པ་ཤར་རྗེས་ཡར་ཀླུང་གི་སྡེ་བ་ཁག་རིམ་བཞིན་དར་ཞིང་ཐུ་བྷོད་ཀྱི་རྒྱལ་རབས་བཙུགས་པས་ཞང་ཞུང་རིམ་བཞིན་རྒུད་པར་གྱུར་ཡོད། དུས་ཡུན་རིང་བོར་གཞུང་ཕྱོགས་ཀྱི་ལོ་རྒྱུས་ཡིག་ཆ་ཉིན་མོའི་སྐར་མ་ལྟར་དཀོན་པས། ཀུན་གྱིས་ཞང་ཞུང་གི་རིག་གནས་ཀྱི་ཉམས་བཟང་རྟོགས་པར་འདོད་པ་ལ་མེ་ལོང་ནང་གི་གཟུགས་བརྙན་གྱི་དཔེ་བཞིན་དངོས་སུ་ཐོབ་པའི་སྐལ་བཟང་ཤར་མེད། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཆེད་མཁས་པས་འབད་པ་བྱས་འོག གནའ་བོའི་ཞང་ཞུང་དུས་ཀྱི་རིག་དངོས་མང་པོ་ཞིག་བསྔོགས་ཡོད་ཅིང་། ལོ་ངོ་༡༨༠༠གོང་རོལ་དུ་ས་འོག་ལ་སྦས་པའི་ཡལ་ཟིན་པའི་འདས་དོན་མང་པོ་ཞིག་མཐོང་ལམ་དུ་བྱུང་ཡོད།

གསེར་གྱི་ཞལ་ཁེབས་ལས་ཞང་ཞུང་རྒྱལ་པོའི་དུར་གྱི་ཆོ་ག་མངོན་པ།

 དེང་སྐབས་དུར་འཇུག་གི་ཆོ་ག་སྤེལ་སྐབས་གདོང་ལ་མཛེས་ཆོས་སྤྲས་པ་ནི་མང་པོ་སྣང་། འདི་བཞིན་ལོ་ངོ་༡༨༠༠ཡི་གོང་གི་བོད་ལྗོངས་མངའ་རིས་ས་ཆ་རུ། ཞང་ཞུང་གི་སྐུ་དྲག་སྐུ་གཤེགས་རྗེས་གདོང་ལ་གསེར་གྱི་ཞལ་ཁེབས་སྤྲ་བའི་སྲོལ་ཡོད་པ་རེད། གནའ་བོའི་མི་རྣམས་དང་ལྷག་པར་དུ་དཔོན་རིགས་དང་སྐུ་དྲག་ཚོས་དུར་འཇུག་གི་ཆོ་ག་ལ་དོ་སྣང་ཆེན་པོ་བྱེད་ནའང་། གདོང་ལ་གསེར་གྱི་ཞལ་ཁེབས་སྤྲ་བ་ནི་མཐོང་དཀོན་པོ་ཞིག་རེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་དཔྱད་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་གཞོན་པ་ཐུང་ཐའོ་ཡིས་གསེར་གྱི་ཞལ་ཁེབས་ཀྱི་ནུས་པ་ནི་འདས་པོ་མཛེས་པར་སྤྲ་ཆེད་རེད་ཅེས་བརྗོད་ཡོད། བྱེ་རྡུལ་སྤྲིན་དུ་འཚུབ་ཅིང་མཚོ་ངོས་ལས་མཐོ་ཚད་རྨིད་༤༢༠༠ཡོད་པའི་བོད་ལྗོངས་མངའ་རིས་ཀྱི་སྒར་རྫོང་གི་མོན་འཚེར་ཤང་དུ་རྒྱང་རིང་ནས་ཕེབས་པའི་གནའ་དཔྱོད་པ་སྐོར་ཞིག་སླེབས་པ་རེད། ཁོ་ཚོ་ནི་བོན་གྱི་དགོན་སྡེ་གུ་རུ་གྱམ་མདོ་སྔགས་གྲགས་རྒྱས་གླིང་གི་སྒོ་རྩའི་བང་སོ་རུ་འདུས་ནས་གནའ་བོའི་རྗེས་ཤུལ་འཚོལ་བཞིན་ཡོད། འདི་ནི་ལོ་བཞིའི་གོང་གི་དོན་ཡིན་ཞིང་། ཁོ་ཚོས་གསེར་ཞལ་གྱི་ཞལ་ཁེབས་རྙེད་དུས་བྱི་རིལ་གྱི་འགྱིག་ཐུམ་དུ་འཁྲུལ་ནས་ཐང་ལ་འདོར་ལ་ཁད་ཅིག་བྱས་ཡོད། ངོ་སྤྲད་པ་ལྟར་ན་གསེར་གྱི་ཞལ་ཁེབས་དེའི་མཐའ་རེར་ལི་རྨིད་བཞི་ཙམ་ཡོད་ཅིང་། གསེར་ལེབ་བརྡུངས་ནས་སྲབ་མོར་བྱས་པ་ཞིག་རེད། སྟེང་དུ་ཚོན་དམར་པོ་དང་ནག་པོ་། དཀར་བོ་བཅས་ཀྱིས་གདོང་གི་དབྱིབས་བྲིས་ཡོད་ཅིང་། ནག་པོར་བྲིས་པའི་མིག་ནི་ཆེ་རུ་བགྲད་པ་དང་། སྣ་དང་སོ། སྨ་ར་བཅས་ནི་གསལ་བོར་ཡོད། ཞལ་ཁེབས་ཀྱི་མཐའ་ལ་བར་ཐག་མཚུངས་པའི་ཨུ་ཁུང་བརྒྱད་བཏོད་ནས་ནང་རྒྱུ་འཇམ་པོ་ཞིག་ལ་བཙེམས་ཡོད། འདི་ན་བོད་ནས་ཐོན་པའི་གསེར་གྱི་ཞལ་ཁེབས་ཐོག་མ་མིན་ཏེ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩྭ་མདའ་རྫོང་གི་ཆུ་ཐག་གི་བང་སོ་ནས་ཀྱང་སྤྱི་ལོ་༢༠༠༩ལོ་དང་༢༠༡༢ལོ་གཉིས་ལ་གསེར་གྱི་ཞལ་ཁེབས་རེ་རེ་བཏོན་ཡོད་པ་རེད། གསེར་གྱི་ཞལ་ཁེབས་འདི་དག་ནི་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་ལྟེ་བ་བྱས་པའི་རི་བོ་ཧི་མ་ལ་ཡའི་དཀྱིལ་དང་ནུབ་ཀྱི་ས་ཆ་ནས་བྱུང་བ་རེད། གནའ་དཔྱོད་པས་བརྟག་དཔྱད་ལྟར་ན་ཞང་ཞུང་གི་དུས་རབས་ནས་གུ་གེ་རྒྱལ་རབས་ཀྱི་རིང་ལ་གླང་ཆེན་ཁ་འབབ་ཀྱི་རྒྱུད་ནི་མངའ་རིས་ས་ཁུལ་གྱི་གནའ་བོའི་རིག་གནས་ཀྱི་ལྟེ་བར་གྱུར་ཡོད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་སོའི་ཡི་སོའི་ཀྲང་གཞོན་པ་ལི་ལིན་ཧའེ་ཡིས་གུ་རུ་གྱམ་གྱི་བང་སོ་ལ་ལོ་ངོ་༡༨༠༠ཡས་མས་ཀྱི་ལོ་རྒྱུས་ཡོད་ཅིང་། འདི་ནི་ཞང་ཞུང་གི་རྒྱལ་ཁབ་དར་བའི་རྩེར་སོན་པའི་དུས་ཡིན་པས། བང་སོ་འདིར་དུར་དུ་བཏབས་པའམ་ཞང་ཞུང་གི་དཔོན་རིགས་དང་སྐུ་དྲག་ཅིག་ཡིན་ཤས་ཆེ་ཟེར། ཐང་རྒྱལ་རབས་ཀྱི་དུས་སུ་གཞི་ནས་ཞང་ཞུང་གི་གནས་ཚུལ་རྒྱའི་ལོ་རྒྱུས་ཡིག་ཆར་ཐོན་འགོ་ཚུགས་ཡོད་པ་དང་སྐབས་དེ་དུས་ཀྱི་རྒྱའི་ཡིག་ཚང་དུ་ཞང་ཞུང་ལ་ཡང་ཐུང་ཞེས་སུ་འབོད།༼ཐང་གི་ཞལ་ལྕེ་ཕྱོགས་བསྡུས་༽དང་༼སྲོལ་ལུགས་ཀུན་ཁྱབ་༽༼སྲིད་སྐྱོང་མེ་ལོང་༽བཅས་སུ་ཞང་ཞུང་སྤྱི་ལོ་༦༤༢ལོར་ཐུ་བྷོད་ཀྱི་མངའ་འོག་ཏུ་བཅུག ཅེས་དང་། གཞན་ཞང་ཞུང་གི་ཡུལ་སྲོལ་སོགས་བྲིས་ཡོད། ཐུང་ཐའོ་ཡིས་སྔོན་གྱི་ལོ་རྒྱུས་སུ་དྲག་གྲས་གཤེགས་ཚེ། གསེར་གྱི་སྣ་དང་དངུལ་གྱི་སོ་བཟོ་ཞེས་འཁོད་ཡོད་པ་འདིའི་བསྟན་དོན་ནི་གསེར་གྱི་ཞལ་ཁེབས་འདི་རིགས་ཡིན་སྲིད་ཅེས་བརྗོད་ཡོད་ཅིང་། དུས་དང་གནས་མི་འདྲ་བ་གང་ལ་ཆ་མཚོན་ནའང་གསེར་ནི་རིན་པོ་ཆེ་དཀོན་རིགས་ཤིག་ཡིན་པའི་ངོས་ཟིན་ནི་ཆ་འདྲ་བས། གསེར་གྱི་ཞལ་ཁེབས་སྤྱད་པའི་འདས་པོ་ལ་སྤྱི་ཚོགས་ཀྱི་གོ་གནས་གང་འཚམ་གྱིས་མཐོན་པོ་ཡོད་པ་དང་། དེ་ནི་གསེར་དངུལ་སོགས་རིན་པོ་ཆེ་དཀོན་རིགས་སྤྱོད་ཐུབ་པའི་རིགས་ཡིན་པ་ཤེས་ཐུབ་ཟེར། ལི་ལིན་ཧའེ་ཡིས་ཞང་ཞུང་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་དང་སྲོག་ཆགས་མང་པོ་དུར་རྫས་སུ་འདེབས་པའི་སྣང་ཚུལ་ལ་དཔགས་ན། གསེར་གྱི་ཞལ་ཁེབས་ལ་འདས་པོ་མཛེས་པར་སྤྲ་བའི་བྱེད་ནུས་ལས་གཞན་ཆོས་ཕྱོགས་ཀྱི་སྤྱོད་སྒོའང་ངེས་ཅན་ཡོད་ངེས་ཤིང་། འདི་ནི་བོད་ཀྱི་གནའ་བོའི་ཆོས་ལུགས་བོན་པོའི་དུར་མཆོད་ཀྱི་གོམས་གཤིས་དང་འབྲེལ་བ་དམ་པོ་ཡོད་པ་ངེས་ཞེས་དབྱེ་ཞིབ་བྱས་ཡོད། ཁོང་གིས་ལོ་རྒྱུས་ཡིག་ཚང་ཁྲོད་དུ་ཞང་ཞུང་གི་རིག་གནས་དར་བར་སྒྲོ་འདོག་གི་ཆ་མང་པོ་ཡོད་ཅིང་། དོན་དངོས་དང་མཐུན་པའི་ར་སྤྲོད་མང་པོ་བྱུང་མེད། དེའི་ཕྱིར་གསེར་གྱི་ཞལ་ཁེབས་ནི་ཞང་ཞུང་གི་རིག་གནས་ཀྱི་གསང་བ་རྟོལ་བའི་ལྡེ་མིག་ཅིག་ཏུ་འགྱུར་བའི་རེ་བ་ཡོད་ཅེས་བརྗོད་ཡོད།

རྒྱལ་བློན་གྱི་ཡི་གེ་དང་འདབ་ཆགས་གཅན་གཟན་འཐག་པའི་གོས་ཆེན་ནི་ཧན་ཅིན་དུས་སུ་རྒྱ་བོད་འགྲོ་འོང་གི་བདེན་དཔང་ཡིན།

 མི་ལོ་༡༨༠༠ཡི་ཡར་སྔོན་དུ་གནའ་བོའི་ཞང་ཞུང་གི་སྐུ་དྲག་དྲག་གྲས་ཤིག་ཚེ་ལས་འདས་པ་ན། དུར་འཇུག་གི་སྐབས་སུ་རྒྱལ་བློན་གྱི་ཡི་གེ་དང་འདབ་ཆགས་གཅན་གཟན་འཐག་པའི་གོས་ཆེན་ཞིག་གིས་འདས་པོའི་མགོ་བོ་བཏུམས་ཤིང་གསེར་གྱི་ཞལ་ཁེབས་སྤྲས་ནས་དུར་སྒམ་དུ་བཅུགས་ལ་བང་སོ་བཏབ། མི་ལོ་༡༨༠༠ཡི་རྗེས་སུ་བྱེ་རྡུལ་སྔར་བཞིན་འཚུབ་ཅིང་། གུ་རུ་གྱམ་གྱི་ཐག་ཉེའི་གྲོང་མིས་སྡོད་ཁང་གསར་བཟོའི་སྐབས་སུ། ཨར་ལས་རྒྱུ་ཆ་དབོར་བའི་ཟོང་འཁོར་ཞིག་ཡར་མར་བསྐྱོད་སྐབས་ལམ་ངོས་བརྡིབས་པས་སྔོན་གྱི་དུར་ས་འདི་ཡང་བསྐྱར་མངོན་ལ་བུད་པ་རེད། དུར་སའི་ཐག་ཉེ་ཡི་གྲོང་མི་ཚོ་དེ་རུ་འདུས་ཤིང་ཚང་མས་ཡར་མར་གྱི་གཏམ་སྣ་ཚོགས་སྨྲས་པ་དང་མཐར་ཚང་མ་ཉམས་སྐྱོན་ཆེན་པོ་ཤོར་མེད་པའི་གོས་ཆེན་འདི་ལ་ཧད་པར་གྱུར་ཡོད། ལི་ལིན་ཧའེ་ཡིས་བརྗོད་པ་ལྟར་ན་གྲོང་མི་དང་དགོན་པའི་གྲྭ་བཙུན་ཚོས་དུར་སྒམ་ཕྱིར་བཏོན་ཞིང་། པུར་བཏུམ་བྱེད་ཀྱི་རས་ཡར་བཀྱགས་དུས། མགོ་བོ་བཏུམས་བྱེད་ཀྱི་གོས་ཆེན་ལ་རི་མོ་མཛེས་པོ་ཡོད་ཅིང་། ལུས་པོ་བཏུམས་བྱེད་ཀྱི་རས་ལ་རི་མོ་ཅི་ཡང་མེད་པ་མཐོང་པས། དེ་དག་སེམས་ཞིབ་མོས་ཉར་ཚགས་བྱེད་པ་རེད། གནའ་དཔྱོད་ཞིབ་འཇུག་པ་ཚོས་དཀའ་ཚེགས་ཆེ་བའི་སྔོག་འདོན་སྣ་ཚོགས་བྱས་མཐར་རྒྱལ་བློན་གྱི་ཡི་གེ་དང་འདབ་ཆགས་གཅན་གཟན་འཐག་པའི་གོས་ཆེན་དང་། གསེར་གྱི་ཞལ་འབག་ཕུད་ད་དུང་ཟངས་ཀྱི་ཡོ་བྱད་དང་རྫ་ཆས་མང་པོ་ཐོན་ཡོད། དུར་ས་འདི་སུའི་ཡིན་པ་དང་འདས་པོ་ཇི་འདྲ་ཞིག་ཡིན་པའི་སྐོར་ལ་ཡུལ་མི་ཚོས་ཚོད་དཔག་སྣ་ཚོགས་བྱས་ལ། མཇུག་མཐར་དྲི་ལན་ནི་པུར་བཏུམས་བྱེད་ཀྱི་རས་ཡུག་བརྒྱུད་ནས་ཤེས་རྟོགས་བྱུང་བ་རེད། ལི་ལིན་ཧའེ་ཡིས་ཤིང་གི་དུར་སྒམ་རུལ་ནས་ངོས་མི་ཟིན་པར་གྱུར་ཡོད་མོད། གྲོང་མི་ཚོས་རོགས་རམ་བྱས་འོག་ང་ཚོས་དར་གོས་རྩ་ཆེན་འདི་དག་རྙེད་བྱུང་། དབྱེ་ཞིབ་བྱས་པ་བརྒྱུད་དར་གོས་འདི་དག་ནི་ཧན་ཅིན་གྱི་དུས་སྐབས་ཀྱི་དར་གོས་ཡིན་པ་དང་། མགོ་བཏུམས་བྱེད་ཀྱི་གོས་ཆེན་ངོས་སུ་རྒྱལ་བློན་ཞེས་པའི་ཡི་གེ་དང་འདབ་ཆགས་གཅན་གཟན་གྱི་གཟུགས་རིས་མཉམ་པོར་འཐག་ཡོད་ལ། ལུས་པོ་བཏུམས་བྱེད་ཀྱི་གོས་ནི་བབ་ཆགས་ཤིང་ཡི་གེ་དང་རི་མོ་གང་ཡང་མི་འདུག་ཅེས་བརྗོད། མིག་སྔར་དར་གོས་འདི་དག་ནང་ལོགས་ཀྱི་གནའ་དཔྱོད་ཆེད་ལས་ཞིབ་འཇུག་ཁང་ལ་བསྐྱལ་ནས་དེ་བས་ཞིབ་པའི་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། འདས་པོའི་རུས་པའི་ཆ་ཤས་བཏུས་ནས་ཕོ་མོ་དང་ལོ་ཚོད་སོགས་ཚོད་དཔག་བྱ་རྒྱུ་རེད། ལི་ལིན་ཧའེ་ཡིས་བང་སོ་འདི་ནས་ཐོན་པའི་བོད་ན་ཐོན་པའི་དར་གོས་སྔ་ཤོས་ཡིན་ཞིང་། ཐོག་མའི་བརྟག་དཔྱད་ལ་གཞིག་ན་དར་གོས་དང་ཟ་འོག་རིགས་གཉིས་ཡོད་ཅིང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་ཅེས་བརྗོད་ཡོད། ངོ་སྤྲད་པ་ལྟར་ན་རྒྱལ་བློན་གྱི་ཡི་གེ་དང་འདབ་ཆགས་གཅན་གཟན་འཐག་པའི་གོས་ཆེན་ལ་རྒྱལ་བློན་ཞེས་པའི་མདུན་རྒྱབ་གཞིས་སུ་བསྐོར་བ་དང་། འདབ་ཆགས་གཅན་གཟན་གྱི་རི་མོ་ཡོད་ཅིང་། ཞིན་ཅང་གི་ཕན་དབྱིན་དུར་ས་དང་ཐུ་ལུ་ཧྥན་གྱི་ཧ་སི་ཐ་ནའི་དུར་ས་སོགས་ནི་ཀྱང་འདི་ལྟ་བུ་བྱུང་ཡོད། འདིའི་ལོ་རབས་ནི་ཧན་ཅིན་གྱི་དུས་ལ་གཏོགས་པས། གུ་རུ་གྱམ་གྱི་དུས་སའི་ལོ་ཚད་དཔག་པར་གནའ་དཔྱོད་བདེན་དཔང་བྱུང་ཡོད། གསར་དཔྱོད་འདི་ལས་ས་ཁུལ་འདི་ནི་ཧན་ཅིན་དུས་ཀྱི་དར་གོས་གྱི་ཁྱབ་ཁོངས་སུ་ཚུད་ཡོད་པ་དང་། སྐབས་དེར་མཚོ་བོད་མཐོ་སྒང་གི་ནུབ་རྒྱུད་དུ་དར་གོས་ཚོང་ལམ་རྒྱུད་ནས་ནང་ལོགས་ས་ཁུལ་བར་ལ་རིག་གནས་དང་ཉོ་ཚོང་གི་འགྲོ་འོང་བྱུང་ཡོད་པ་ཤེས་ཐུབ། ལི་ལིལ་ཧའེ་ཡིས་རྒྱལ་བློན་གྱི་ཡི་གེ་དང་འདབ་ཆགས་འཐག་པའི་གོས་ཆེན་བོད་ཡུལ་ནས་འདི་གཅིག་པུ་ལས་རྙེད་མེད། འདི་ལས་འདས་པོ་ནི་རིམ་པ་དྲག་གྲས་ཤིག་ཡན་པ་ཤེས་ཐུབ་ལ། འདིའི་མཚོན་དོན་དང་ངོ་བོ་ཇི་འདྲ་ཡིན་པ་ད་དུང་ཞིབ་འཇུག་གི་ཡུལ་ཡིན་ཞེས་བརྗོད་ཡོད། 

ཇ་རོ་རྙིང་བས་དར་གོས་ཚོང་ལམ་མདོ་དབུས་ས་མཐོ་བརྒྱུད་པར་བདེན་དཔང་བྱས།

 ལོ་ངོ་༡༨༠༠ཡར་སྔོན་གྱི་བོད་ཀྱི་སྐུ་དྲག་ཚོ་ཇ་ལ་དགའ་ཞིང་། ཁོ་ཚོ་གསོན་པའི་དུས་སུ་ཇ་ལ་དགའ་ཞིང་། ཐ་ན་ཤི་བའི་རྗེས་སུའང་ཇ་ལོ་དུར་རྫས་སུ་འཇུག་པའི་སྲོལ་ཡོད་པ་རེད། གནའ་དཔྱོད་ཞིབ་འཇུག་པ་ཚོས་གུ་རུ་གྱམ་གྱི་དུར་ས་ནས་ཇ་རོ་རྙིང་བ་རྙེད་ཡོད་ཅིང་། འདི་ལས་ལོ་ངོ་༡༨༠༠ཡར་སྔོན་གྱི་ཞང་ཞུང་གི་དུས་སུ་མཚོ་ངོས་ལས་མཐོ་ཚད་རྨིད་༤༥༠༠ལྷག་ཡོད་པའི་མངའ་རིས་སུ་ཇ་ལོ་དབོར་ཐུབ་ཡོད་པ་ཤེས་ཐུབ་ལ། ཞིབ་འཇུག་གི་གྲུབ་འབྲས་འདི་ཉིད་དབྱིན་ཇིའི་དུས་དེབ་ཚད་འོས་༼ཚན་རིག་སྙན་ཞུ༽ཞེས་པར་དངོས་སུ་སྤེལ་ཡོད། དུས་ཡུན་རིང་བོར་མི་རྣམས་ཀྱིས་ཇ་ལོ་དར་གོས་ཚོང་ལམ་བརྒྱུད་ནས་ཀྲུང་གོའི་གྲོང་ཁྱེར་ཁྲང་ཨན་ནས་ཨེ་ཤེ་ཡ་དབུས་རྒྱུད་དང་དེ་ལས་རིང་བའི་ས་ཆར་ཁྱབ་ཡོད་པའི་ཡིད་ཚོད་བྱས་མོད། ཐང་གི་དུས་སྟེ་མི་ལོ་༡༣༠༠ཡན་ལ་མཚོ་བོད་མཐོ་སྒང་དུ་ཇ་ལོ་སླེབས་པའི་བདེན་དཔང་རྙེད་མེད། གནས་བབ་འདི་འདྲ་ད་ནི་ཡོངས་སུ་འགྱུར་བ་ཕྱིན་ཡོད། གསར་རྙེད་དངོས་པོ་འདི་ཇ་ལོ་ཡིན་མིན་ལ་དོགས་པ་ཆེ་ཞིང་། ཆེད་མཁས་པས་ཡུན་རིང་ངལ་བ་བསྟེན་མཐར་གཞི་ནས་དེ་ཉིད་ཇ་ལོ་ཡིན་པར་ཤེས་པ་རེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ས་གཤིས་དང་སའི་གོ་ལ་དངོས་ལུགས་ཞིབ་འཇུག་སོའོ་ཡི་གསར་ཐོན་ས་གཤིས་དང་ཁོར་ཡུག་ཞིབ་འཇུག་ཁང་གི་སྐྱེ་ཁམས་རིག་ཚན་གྱི་ཞིབ་འཇུག་པ་ལུའུ་ཧུའུ་ཡོན་གྱིས་ངོ་སྤྲད་པ་ལྟར་ན། ས་འོག་ནས་ཐོན་པའི་རྩི་ཤིང་གི་དམར་དཔེ་ལ་རྩི་ཤིང་ཀེའུ་གཟུགས་དང་། རྩི་ཤིང་གི་ཀལ་གཟུགས། སྐྱེས་དངོས་ཀྱི་དཔེ་མཚོན་སོགས་བརྒྱུད་ནས་དབྱེ་ཞིབ་བྱས་རྗེས་གཞི་ནས་གནས་དཔྱོད་དངོས་རྫས་འདིའི་ཁོངས་སུ་ཇ་ལོ་ལ་ཡོད་པའི་ཇ་ལོའི་རྩི་ཤིང་གི་ཀལ་གཟུགས་དང་། ཇ་ཨན་སྐྱུར་དང་ཁོ་ཧྥེ་རྒྱུ་མོད་པོ་སོགས། ཕན་ཚུན་ར་སྤྲོད་ཐུབ་པའི་བདེན་དཔང་མ་ལག་དང་ལྡན་པ་རྙེད་པས་གཞི་ནས་ཇ་ལོ་ཡིན་པ་ར་འཕྲོད་པ་རེད། ས་མཐོ་ཞིང་གྲང་ངར་ཆེ་བའི་མདོ་དབུས་མཐོ་སྒང་དུ་ཇ་སྡོང་མི་སྐྱེ་བས། ཆེད་མཁས་པས་ཇ་ལོ་མངའ་རིས་སུ་སླེབས་པའི་ལམ་ནི་ཧན་རྒྱལ་རབས་སྐབས་ཀྱི་དར་གོས་ཚོང་ལམ་དང་འབྲེལ་བ་ཡོད་པར་ངོས་བཟུང་ཡོད། ཆེད་མཁས་པ་རེ་འགས་ས་རྒྱ་ཆེ་ཞིང་འགྲིམ་འགྲུལ་གྱི་འགག་ས་རུ་ཡོད་པའི་གནའ་བོའི་ཞང་ཞུང་ནི་གནའ་བོའི་རིག་གནས་བརྗེ་རེས་ཀྱི་བཞི་མདོ་རུ་ཡོད་ཅིང་། ཕར་བལྟས་ན་ཚོད་ལ་ཁེར་རྐྱང་དུ་ལུས་པའི་མདོ་དབུས་མཐོ་སྒང་འདི་ཉིད་ནི། གནའ་བོའི་དུས་སུ་ཁེར་རྐྱང་དང་སྒོ་གཏན་པའི་ཚུལ་དུ་གནས་མེད་པར། ཨེ་ཤེ་ཡ་ཤར་ནུབ་ལྷོ་མ་སོགས་ལ་འབྲེལ་འདྲིས་བྱུང་ཡོད་ལ། ས་བབས་དམིགས་བསལ་བ་ཡིན་པས་ཞང་ཞུང་ནི་དར་གོས་ཚོང་ལམ་གྱི་ས་ཚིགས་ཤིག་ཆགས་པར་དགེ་མཚན་བསྐྲུན་པར་འདོད་བཞིན་ཡོད། ལུའུ་ཧུའུ་ཡོན་གྱིས་དེང་སྐབས་དར་གོས་ཚོང་ལམ་ནི་ལམ་རྒྱུད་གཅིག་མིན་པར། འདི་ནི་དྲ་བ་ལྟར་སྦྲེལ་བའི་ཡན་ལག་གི་ལམ་མང་བོས་གྲུབ་པ་ཞིག་རེད། གུ་རུ་གྱམ་ནས་ཐོན་པའི་ཇ་ལོ་ལས་དཔགས་ན། མི་ལོ་༡༨༠༠ཡར་སྔོན་ལ་དར་གོས་ཚོང་ལམ་གྱི་ཡན་ལག་གི་ལམ་བུ་ཞིག་མདོ་དབུས་མཐོ་སྒང་བརྒྱུད་པ་ཡིན་སྲིད་ཅེས་བརྗོད། མི་ལོ་སྟོང་ཕྲག་འདས་པའི་ཕུན་ཚོགས་ཡལ་ནའང་། གནའ་རྫས་ས་ཁར་བུད་པས་སླར་ཡང་མངོན་པ་རེད། རིག་དངོས་འདི་དག་གི་ངོས་སུ་ལོ་རྒྱུས་ཀྱི་དྲན་པ་གསལ་བོ་ཡོད་ལ། མི་རྣམས་ཀྱིས་གནའ་བོའི་ཞང་ཞུང་རིག་གནས་ཀྱི་གཏེར་སྒོ་འབྱེད་པར་དུས་ཀྱི་སྒོ་མོ་ཡུན་རིང་གཏན་པ་ཞིག་ཕྱེ་ཡོད། དེའི་ཕྱིར་སྔོན་ཆད་ཕུན་ཚོགས་དཔལ་གྱིས་སྒེག་མྱོང་བའི་གནའ་བོའི་ཞང་ཞུང་ཡང་ང་ཚོ་དང་བར་ཐག་རིང་བོ་མིན་ཡང་སྲིད་དོ། །








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1