༄༅། །“མཐོ་སྒང་དར་གོས་ཚོང་ལམ”གྱིས་ཅིའི་ཕྱིར་མདོ་དབུས་མཐོ་སྒང་གི་ཤེས་རིག་གི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་རེད།

དཔལ་ཆེན་རྡོ་རྗེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-11


“མཐོ་སྒང་དར་གོས་ཚོང་ལམ”གྱིས་ཅིའི་ཕྱིར་མདོ་དབུས་མཐོ་སྒང་གི་ཤེས་རིག་གི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་རེད།

ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པས་དགེ་རྒན་ཆེན་མོ་ཧུ་ཝེ་ལགས་ལ་བཅར་འདྲི་ཞུས།

    དཔལ་ཆེན་རྡོ་རྗེས་བོད་ཡིག་ཏུ་བསྒྱུར།


    “ཐང་གུར་དུས་ཀྱི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་དེ་མགྱོགས་མྱུར་ངང་གནའ་བོའི་ཤེས་རིག་འཕེལ་རྒྱས་ཀྱི་དུས་རིམ་ལས་བརྒལ་ཐུབ་པ་ནི། མཐོ་སྒང་དར་གོས་ཚོང་ལམ་བརྒྱུད་ནས་སྐབས་དེའི་ཆེས་གལ་འགངས་ཆེ་བའི་ཨེ་ཤ་ཡའི་ཤེས་དཔལ་མ་ལག་ནང་མགྱོགས་མྱུར་ངང་འདྲེས་ཐུབ་པ་དང་འབྲེལ་བ་དམ་ཟབ་ཡོད།”

སི་ཁྲོན་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་ཆེན་མོ། སློབ་གྲྭ་དེ་གའི་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ། ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ། ཀྲུང་གོའི་གནའ་དཔྱད་རིག་པའི་ལས་འཛིན་པ་ཧུ་ཝེ་ལགས་ཀྱིས་ཉེ་སྔོན་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མཐོ་སྒང་དར་གོས་ཚོང་ལམ་ནི་དཔུང་པ་གཉིས་མཐར་བརྐྱངས་པའི་གྱད་མི་ཞིག་དང་འདྲ་བར། བྱང་ཕྱོགས་སུ་རྩྭ་ཐང་དར་གོས་ཚོང་ལམ་དང་བྱེ་ཐང་དར་གོས་ཚོང་ལམ་ལ་དམ་པོར་འཁྱུད། ལྷོ་ཕྱོགས་སུ་ལྷོ་ཡི་དར་གོས་ཚོང་ལམ་དང་མཚོ་ཐོག་དར་གོས་ཚོང་ལམ་ལ་འཐམ་འཁྱུད་ཀྱིས་དུས་དང་བར་སྟོང་གི་ཁྱབ་ཁོངས་དེ་དེ་བས་ཁྱབ་ཆེར་བཏང་སྟེ་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་ཆགས་པར་བྱས་ནས། སྔར་ནས་བཟུང“ཚེ་སྲོག་བཀག་སྡོམ་ཁུལ”དུ་བརྩི་བའི་མདོ་དབུས་མཐོ་སྒང་དེ་ཀྲུང་ཕྱིའི་ཤེས་རིག་སྤེལ་རེས་ཀྱི་མ་ལག་ནང་བཅུག་ཡོད།


        གསར་འགོད་པ། མཐོ་སྒང་དར་གོས་ཚོང་ལམ་དེ་གནའ་བོའི་ཀྲུང་གོའི་སྲོལ་རྒྱུན་གོ་དོན་ལྟར་གྱི་བྱེ་ཐང་དང་རྩྭ་ཐང་གི་དར་གོས་ཚོང་ལམ། མཚོ་ཐོག་དང་ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་དབར་འབྲེལ་བ་གང་འདྲ་ཡོད་དམ།

        ཧུ་ཝེ། འདས་པའི་ལོ་ཟླའི་ནང་། དར་གོས་ཚོང་ལམ་དེ་གྲང་ངར་ཆེ་བའི་མདོ་དབུས་མཐོ་སྒང་དང་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་བས་མདོ་དབུས་མཐོ་སྒང་དུ་དར་གོས་ཚོང་ལམ་གཏོད་པའི་ཆ་རྐྱེན་མི་འཛོམས་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ཡང་ཉེ་བའི་ལོ་འདི་དག་གི་གནའ་རྫས་རྟོག་ཞིབ་ཀྱི་དོན་དངོས་ཁུངས་སྐྱེལ་དང་ཚད་ལྡན་ཡིག་ཚང་གི་དཔྱད་ཡིག་ལས་མངོན་པ་ལྟར་ན། འདས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། མདོ་དབུས་མཐོ་སྒང་ནི་ཐོག་མཐའ་བར་གསུམ་དུ་བཀག་སྡོམ་གྱི་སྡེ་ཚན་ཞིག་མ་ཡིན་པར་མཐའ་འབྲེལ་རྒྱལ་ཁབ་དང་ས་ཁུལ་བར་འབྲེལ་འདྲིས་གཏིང་ཟབ་བྱས་ཡོད་པ་རྟོག་ཐུབ།

        “མཐོ་སྒང་དར་གོས་ཚོང་ལམ”གྱིས་དུས་སྐབས་ག་གེ་མོ་ཞིག་གི་ལམ་བུ་ག་གེ་མོ་ཞིག་མཚོན་པ་ཙམ་མ་ཡིན་པར། མདོ་དབུས་མཐོ་སྒང་གི་ཤར་ནུབ་གཉིས་དང་ཀྲུང་གོ་དང་ཕྱི་ཡུལ་འབྲེལ་འདྲིས་བྱེད་པའི་འགྲིམ་འགྲུལ་དྲ་བ་དང་བརྒྱུད་ལམ་གཙོ་བོ་དེར་བརྗོད་ཀྱིན་ཡོད། ང་ཚོས་བར་སྣང་ཁམས་ནས་མདོ་དབུས་མཐོ་སྒང་ལ་ཐུར་ལྟ་བྱས་ཚེ། མཐོ་སྒང་གི་བྱང་ངོས་སུ་བྱེ་ཐང་གི་དར་གོས་ཚོང་ལམ་དང་རྩྭ་ཐང་གི་དར་གོས་ཚོང་ལམ། ལྷོ་ངོས་སུ་ལྷོ་ཕྱོགས་དར་གོས་ཚོང་ལམ་དང་མཚོ་ཐོག་དར་གོས་ཚོང་ལམ་ཡོད་པ་མཐོང་ཐུབ། གལ་ཏེ་ཚོང་ལམ་འདི་ཚོའི་ཁྲོད་ཆད་འཕྲོ་སོགས་ཀྱི་གནས་ཚུལ་ལྷག་ན་མཐོ་སྒང་དར་གོས་ཚོང་ལམ་གྱིས་ཏག་ཏག་ཁ་གསབ་རང་བཞིན་གྱི་ནུས་པ་ཐོན་ནས་དར་གོས་ཚོང་ལམ་གྱི་མ་ལག་མང་པོ་ཞིག་གཞི་གཅིག་ཏུ་སྦྲེལ་ཐུབ་ཀྱི་ཡོད།

བོད་ལྗོངས་མངའ་རིས་ཀྱི་མཚོ་འཕགས་སྨི་5200ལྷག་ཡོད་པའི་གུང་ཐང་ལ། རི་མོའི་སྟེང་གི་རི་འཁྱིལ་ལམ་ནི“མཐོ་སྒང་དར་གོས་ཚོང་ལམ”གྱི་ཡན་ལག་ཅིག་ཡིན།

        གསར་འགོད་པ། མཐོ་སྒང་དར་གོས་ཚོང་ལམ་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་མ་བཙུགས་གོང་ནས་འཕེལ་རྒྱུས་སུ་འགྲོ་མགོ་ཚུགས་པ་ཇི་ལྟར་ར་སྤྲོད་བྱེད། མདོ་དབུས་མཐོ་སྒང་ནི“ཤེས་དཔལ་ཁེར་ཆགས་ཀྱི་གླིང་ཕྲན”ཞིག་ཡིན་ནམ།

        ཧུ་ཝེ། མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ཁྱབ་ཆེ་བའི་སྤྲེའུ་ཡི་མཛེས་རྒྱན་དང་། བོད་ལྗོངས་སུ་གསར་རྙེད་བྱུང་བའི་གནའ་བོའི་ལྕགས་ཆས་དུས་རབས་ཀྱི་ཡུ་ལྡན་ཟངས་ཀྱི་མེ་ལོང་། མདོ་དབུས་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོ་དང་ཡོ་བྱད་མང་པོའི་ཁྲོད“ཟི་ཅི་ཐེ་སྒྱུ་རྩལ་གྱི་ཁྱད་ཆོས”ལྡན་པའི་སྲོག་ཆགས་ཀྱི་མཛེས་རྒྱན་ཡོད་པ་དང་། དེ་བཞིན་ཉེ་བའི་ལོ་ཤས་རིང་བོད་ཀྱི་ནུབ་ཕྱོགས་སུ་གསར་རྙེད་བྱུང་བའི་གསེར་གྱི་ཞལ་འབག་དང་དར་གོས། ཇ་ལོ་སོགས་གནའ་རྫས་མང་པོ་ཐོན་པ་དེས། གནའ་དུས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་མ་ཚུགས་སྔོན་ནས་མདོ་དབུས་མཐོ་སྒང་དུ་འཚོ་བའི་གནའ་བོའི་ཚོ་ཁག་དག་གིས་ཨེ་ཤ་ཡ་དབུས་མ་དང་ཡོ་རབ་དང་ཨེ་ཤ་ཡའི་རྩྭ་ཐང་ཁུལ་དང་རིག་གནས་བརྗེ་རེས་སོགས་ཀྱི་འགྲོ་འོང་བྱས་མྱོང་ཡོད་པ་གསལ་བཤད་བྱེད་ཐུབ།

        ཉེ་བའི་ལོ་འདི་དག་ལ་ཆེས་མིག་དབང་འཕྲོག་སྲིད་པའི་གསར་རྙེད་ཞིག་ནི། གནའ་དཔྱད་རིག་པ་བ་དག་གིས་བོད་ལྗོངས་ཀྱི་ནུབ་ཁུལ(སྔོན་དུས་ཞང་ཞུང་རྒྱལ་རབས་ཀྱི་མངའ་ཁོངས)ནས་ཕལ་ཆེར་དུས་རབས་གསུམ་པ་ནས་བཞི་པ་གཡས་གཡོན་གྱི་དུར་ས་གལ་ཆེན་ཞིག་གསར་སྔོག་བྱས་པ་དང་། དེ་ནས་ཐོན་པའི་དུར་རྫས་ནང་རྒྱ་ཡིག་གི“ཝང་ཧོའུ”(རྒྱལ་བློན)ཞེས་བྲིས་ཡོད་པའི་དར་གོས་དང་། ཟངས་ཆས་དང་ཤིང་ཆས་ནང་གི་ཇ་ལོའི་སྙིགས་རོ་སོགས་རེད།

        དེ་དང་རིགས་འདྲ་བ་ཞིན་ཅང་ཐུ་ལུ་ཧྥན་ཨ་སྲི་ཐ་ན་དུར་ས་དང་ཞིན་ཅང་ཡུན་ཕན་དུར་ས་སོགས་གནའ་རྫས་རྗེས་ཤུལ་མང་པོ་ཞིག་ནས་ཐོན་པའི་དར་གོས་སྟེང་དུའང“ཧུའུ་ཝང”དང“ཝང་ཧོའུ”སོགས་ཀྱི་ཡི་གེ་བྱུང་ཡོད། སྤྱིར་བཏང་འདི་ལྟ་བུ་ནི་ཀྲུང་ཡོན་གཞུང་ཕྱོགས་སམ་ས་གནས་འཁེལ་ཐག་ལས་ཁུངས་ཀྱིས་བཟོས་པར་ངོས་འཛིན་བྱེད་པའམ་ཡང་ན་མཐའ་མཚམས་ས་གནས་ཀྱི་སྐུ་དྲག་རྒྱལ་བློན་དང་ཚོ་པའི་འགོ་གཙོ་ལ་གནང་བའི་གཟིགས་སྐྱོང་རང་བཞིན་གྱི་དངོས་རྫས་སུ་བརྩི་བ་དང་། ཡང་ན་ཆེད་མངགས་མཐའ་མཚམས་ས་ཁུལ་ལ་བཟོས་པའི་མཐོ་རིམ་འཛད་རྫས་སུ་བརྩིས་ནས་མཐའ་མཚམས་ས་ཁུལ་དུ་འདྲེན་པ་རེད། ཡིན་ཡང་ཀྲུང་གོའི་ཚན་རིག་གླིང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སོའུ་ཡི་ཞིབ་འཇུག་པ་ལུའི་ཧོའུ་ཡོན་ལགས་ཀྱིས་གྲང་ངར་ཆེ་བའི་མདོ་དབུས་མཐོ་སྒང་དུ་ཇ་ཤིང་སྐྱེ་མི་ཐུབ་པ་མ་ཟད་རྒྱ་གར་དུའང་ལོ་༢༠༠ལྷག་ལ་མ་གཏོགས་ཇ་འདེབས་པའི་ལོ་རྒྱུས་མེད། དེ་བས་ས་འོག་ནས་ཐོན་པའི་ཇ་སྙིགས་ལས་ཉུང་མཐར་ཡང་ལོ་ངོ་༡༨༠༠ཡི་གོང་དུ་ཇ་ལོ་དེ་གནའ་བོའི་དར་གོས་ཚོང་ལམ་གྱི་ཡན་ལག་ལམ་བུ་ཅིག་ལས་མཐོ་ཚད་སྨི་༤༥༠༠ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་སྐྱེལ་འདྲེན་བྱས་པར་ངོས་འཛིན་བྱེད་ཀྱིན་ཡོད།

བོད་ལྗོངས་མངའ་རིས་ནས་ས་ཁར་བུད་པའི་རྒྱ་ཡིག་ཅན་གྱི་དར་གོས།

        དེ་བས་གནའ་དུས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱིས་མདོ་དབུས་མཐོ་སྒང་གཅིག་གྱུར་མ་བྱས་གོང་། གནས་དེའི་ནུབ་ཕྱོགས་མངའ་རིས་ས་ཁུལ་དུ་འཚོ་བའི་གནའ་བོའི་ཚོ་ཁག་དག་གིས་དར་གོས་ཚོང་ལམ་དང་སྦྲེལ་བའི་ལམ་བུ་བཏོད་ཟིན་པ་དང་། ཀྲུང་དབུས་ས་ཁུལ་གྱི་དར་གོས་དང་ཇ་ལོ་སོགས་རྒྱས་སྤྲོས་དངོས་རྫས་མདོ་དབུས་མཐོ་སྒང་དུ་སྐྱེལ་འདྲེན་བྱས་ཡོད། མཐོ་སྒང་དར་གོས་ཚོང་ལམ་ནི་མདོ་དབུས་མཐོ་སྒང་སྟེང་འཚོ་བའི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་དང་། ཤར་བྱང་ས་ཁུལ་གྱི་ཞན་པེ་མི་རིགས་དང་འ་ཞ། ཤར་ཕྱོགས་ཀྱི་ཆའང་རིགས། ནུབ་ཕྱོགས་ཀྱི་ཞང་ཞུང་སོགས་ཀྱང་མཐོ་སྒང་དར་གོས་ཚོང་ལམ་བཏོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་མྱོང་ཡོད།

        གོང་གསལ་གྱི་ཞིབ་འཇུག་དཔྱད་འབྲས་ལས་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་མཁོ་འདོན་གནང་ཡོད་དེ། མདོ་དབུས་མཐོ་སྒང་སྟེང་འཚོ་བའི་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོ་ནི་ཡོ་རོབ་དང་ཨེ་ཤ་ཡའི་ཤེས་རིག་གི་འདྲེས་མཚམས་སུ་བཞག་ནས་ལྟ་ཞིབ་དང་བསམ་བློ་བཏང་ན། དེ་ནི་བཀག་སྡོམ་གྱི་རྒྱ་རུ་ཚུད་པའི“ཤེས་དཔལ་ཁེར་ཆགས་ཀྱི་གླིང་ཕྲན”ཞིག་ཏུ་བརྩི་མི་རུང་ངོ་། །མཐོ་སྒང་གི་དར་གོས་ཚོང་ལམ་ཐོག་མར་བཏོད་དུས་དེ་སྤྱི་ལོའི་དུས་རབས་བདུན་པའི་སྔོན་ལ་ཁུངས་འདེད་བྱས་ཆོག །མདོ་དབུས་མཐོ་སྒང་གི་ནུབ་རྒྱུད་དང་བྱང་རྒྱུད་ཁུལ་དག་ཧ་ལམ་ཧན་ཅིན་རྒྱལ་རབས་ཀྱི་སྐབས་ནུབ་ལྗོངས་ཞིན་ཅང་དང་ཨེ་ཤ་ཡ་དབུས་མ། ཨེ་ཤ་ཡ་ལྷོ་མ་སོགས་དང་ཕན་ཚུན་འབྲེལ་ལམ་བཙུགས་ཟིན་པ་མ་ཟད་ཚོང་ཟོག་བརྗེ་རེས་སོགས་འབྲེལ་འདྲིས་ཚད་ངེས་ཅན་བྱས་མྱོང་ཡོད་པས། སྐབས་དེ་ནས་བཟུང་མཐོ་སྒང་དུ་འཚོ་བའི་གནའ་བོའི་ཚོ་ཁག་དག་མཐོ་སྒང་ནས་ཡོ་རོབ་དང་ཨེ་ཤ་ཡའི་ཤེས་དཔལ་མ་ལག་ནང་མཉམ་འདྲེས་བྱེད་པར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་གོམ་སྟབས་ཤིག་སྤོས་ཟིན་པ་ར་སྤྲོད་བྱེད་ནུས།

        གསར་འགོད་པ། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་། མཐོ་སྒང་དར་གོས་ཚོང་ལམ་ལ་འགྱུར་ལྡོག་མི་འདྲ་བ་གང་དག་བྱུང་ཡོད།

        ཧུ་ཝེ། ད་ཡོད་དཔྱད་ཡིག་ལ་གཞིགས་ན་ལོ་རྒྱུས་སྟེང་མདོ་དབུས་མཐོ་སྒང་དང་ཕྱི་རོལ་འཇིག་རྟེན་གྱི་འགྲིམ་འགྲུལ་དང་འབྲེལ་འདྲིས་དེ་དུས་རིམ་གལ་ཆེན་གསུམ་དུ་དབྱེ་ཆོག་སྟེ། དང་པོ་ནི“བཙན་པོའི་རྒྱལ་རབས་ཀྱི་སྔོན”(ཡང་ན“གནའ་བོའི་བོད་ཀྱི་དུས་སྐབས”ཞེས་ཟེར་ཆོག) དེ་ནི་གཙོ་བོ་དུས་རབས་བདུན་པར་བཙན་པོའི་རྒྱལ་རབས་མ་ཚུགས་པའི་སྔོན་ཏེ་གནའ་དཔྱད་རིག་པས་ལྟ་ཞིབ་ཐུབ་པའི་བོད་དང་ཕྱི་ཕྱོགས་བར་རིག་གནས་སྤེལ་རེས་བྱས་པའི་རྟགས་ཚན་འགའ་ཞིག་གཞིར་བཟུང་ནས་བརྗོད་པ་ལ་ཟེར། གཉིས་པ་ནི་སྤུ་རྒྱལ་བཙན་པོའི(ནུབ་ཕྱོགས་ཞིབ་འཇུག་པས་སྤུ་རྒྱལ་བཙན་རྒྱལ་ཟེར)དུས་སྐབས་ཡིན། སྤུ་རྒྱལ་བཙན་པོའི་སྟོབས་ཤུགས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་མངའ་ཁོངས་ཀྱང་སྔར་ལས་རྒྱ་ཆེར་བསྐྱེད་པས་ཕྱི་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་ཁྱབ་ཁོངས་དེ་ཡང་ཆེ་རུ་ཕྱིན་ནས་སྔར་ཡོད་ཀྱི་འགྲིམ་འགྲུལ་ལམ་ཐིག་གི་རྨང་གཞིའི་སྟེང་གཏན་ཆགས་སུ་གྲུབ་ཐུབ་པ་བྱུང་ཡོད། གསུམ་པ་ནི་དུས་རབས་བཅུ་པའི་ནང་བཙན་པོའི་རྒྱལ་རབས་འཇིག་རྗེས་ཀྱི“བཙན་པོའི་རྒྱལ་རབས་ཀྱི་མཇུག”ལ་ཟེར། འགྲིམ་འགྲུལ་ལམ་ཐིག་དེ་དག་ལས་ཁ་ཤས་ཀྱིས་སྔར་བཞིན་ནུས་པ་འདོན་བཞིན་ཡོད་ལ། ཁ་ཤས་རིམ་བཞིན་ཉམས་རྒུད་དུ་གྱུར་ཟིན་པ་དང་། དུས་རབས་བཅུ་གསུམ་པར་སྟོབས་ཤུགས་རབ་ཏུ་རྒྱས་པའི་ཡོན་བཙན་རྒྱལ་གྱིས་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོ་འཕྲེད་བརྒལ་བྱས་པའི་འགྲིམ་འགྲུལ་དྲ་བའི་ནང་འདྲེས་པ་རེད།

        བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་ནི་མཐོ་སྒང་དར་གོས་ཚོང་ལམ་རྒྱ་ཆེ་རུ་བསྐྱེད་པར་ནུས་ཤུགས་གལ་ཆེན་ཐོན་ཡོད། ཐང་རྒྱལ་རབས་དང“ཞི་བའི་གཉེན་འབྲེལ”ཆགས་རྗེས། ཐང་གི་རྒྱལ་ས་ཁྲང་ཨན་ནས་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་ས་ར་ས(དེང་གི་ལྷ་ས་གྲོང་ཁྱེར)བར་གྱི་འགྲོ་ལམ་བཏོད་པ་དང་། དེའི་རྗེས་སུ་ཡར་ཀླུང་གཙང་པོའི་འབབ་རྒྱུད་བརྒལ་ནས་ལྷོ་ཕྱོགས་སུ་བསྐྱོད་དེ་ཨེ་ཤ་ཡ་ལྷོ་མའི་ཉེའེ་པའོ་ལོ(དེང་གི་ནེ་པ་ལ)ལ་སླེབས། དེ་ནས་མུ་མཐུད་བསྐྱོད་ན་གནའ་བོའི་ཧིན་རྡུའི་རྒྱལ་ཁབ(གནའ་བོའི་རྒྱ་གར)དང་སྦྲེལ་བའི“བགྲོད་ལམ་གསར་པར”བསྐྱོད་པ་རེད། ཐང་གུར་དུས་ཀྱི་གཞུང་ཕྱོགས་ཕོ་ཉ་ཝང་ཞོན་ཚི་ཐེངས་དུ་མར་རྒྱ་གར་ལ་སོང་བ་ནི་ཐང་རྒྱལ་རབས་ཀྱི་དུས་མགོར་ཤར་གཏོང་བྱས་པའི་རྒྱལ་སྤྱིའི་ལམ་ཕྱོགས་འདི་བེད་སྤྱོད་བཏང་བ་རེད། སྤྱི་ལོ་༡༩༩༠ལོར་ཁོ་བོས་ཀྲུང་ནེ་མཐའ་མཚམས་ཀྱི་སྐྱིད་གྲོང་རྫོང་དུ་རྙེད་པའི་ཐང་གུར་དུས་ཀྱི་ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ《大唐天竺使出铭》ཞེས་པས་ཝང་ཞོན་ཚི་ཡིས་བགྲོད་ལམ་འདིར་བཞག་པའི་གནའ་དཔྱད་རིག་དངོས་ཀྱི་བདེན་དཔང་གལ་ཆེན་ཞིག་རེད།

ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ།

        གསར་འགོད་པ། མཐོ་སྒང་དར་གོས་ཚོང་ལམ་གྱིས་ཇི་ལྟར་བྱས་ཏེ་མདོ་དབུས་མཐོ་སྒང་གི་ཤེས་རིག་འཕེལ་བར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

        ཧུ་ཝེ། མཐོ་སྒང་དར་གོས་ཚོང་ལམ་ནི་དཔལ་འབྱོར་ཉོ་ཚོང་དང་ཆོས་འཚོལ་གྱི་ལམ་བུ་ཞིག་ཡིན། བོད་ལྗོངས་གནའ་དཔྱད་ཀྱི་ལས་རིམ་ཁྲོད་གསར་དུ་ས་ཁར་ཐོན་པའི་རིག་དངོས་ལས་ཤེས་གསལ་ལྟར་ན། “ཐང་རྒྱལ་རབས་ཤིན་ཏུ་དར་སྒང”ལ། ཀྲུང་དབུས་ས་ཁུལ་གྱི་དངོས་ཟོག་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་བཅས་མཐོ་སྒང་དར་གོས་ཚོང་ལམ་བརྒྱུད་དེ་རྒྱུན་ཆད་མེད་པར་མདོ་དབུས་མཐོ་སྒང་དུ་དྲངས་པས་ས་གནས་དེ་གའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱུས་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་། ཇ་ལོ་དང་དར་གོས་སོགས་རྒྱལ་ནང་གི“རྒྱས་སྤྲོས་དངོས་རྫས”ལས་གཞན། འུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་བོད་དུ་འགྲོ་སྐབས་བསྣབས་པའི་རྒྱལ་ནང་གི་རིག་གནས་དང་ཆོས་ལུགས་ཆོ་ག །ཐོན་སྐྱེད་ཡོ་བྱད། བཟོ་ལས་ལག་རྩལ། ནང་སའི་སྐྱེ་དངོས་རིགས་སོགས་བོད་དུ་འཁྱེར་ཡོང་ཡོད་པ་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་གྱི་ཤུགས་རྐྱེན་གཏིང་ཟབ་པས། འདི་དག་གིས་ཀྱང་མཐོ་སྒང་དར་གོས་ཚོང་ལམ་བཏོད་པར་འབྲེལ་བ་གཏིང་ཟབ་འདུག །

        སྤུ་རྒྱལ་བཙན་པོའི་སྐབས་སུ། ཨེ་ཤ་ཡ་དབུས་མ་དང་ནུབ་མ། ལྷོ་མ་བཅས་ནས་ཐོན་པའི་དངོས་པོའི་དཔལ་ཡོན་དང་ཆོས་ལུགས་རིག་གནས་མང་པོ་བོད་ཡུལ་དུ་དར་བ་མ་ཟད། མཐོ་སྒང་དར་གོས་ཚོང་ལམ་བརྒྱུད་དེ་མུ་མཐུད་ཤར་ཕྱོགས་སུ་ཁྱབ་བརྡལ་དུ་སོང་ཡོད། དཔེར་ན་སོག་དག་དང་སྟག་གཟིག་གི་ལག་ཤེས་འདྲེས་པའི་གསེར་དངུལ་ཆས་དང་རྟ་ཆས་དང་རྟ་ཐོག་སྤོ་ལོ། བསུང་རྫས། གཡུ་བྱུར་མུ་ཏིག །སྟག་གཟིག་ཡུལ་གྱི་གསོ་རིག །སོག་དག་དང་སྟག་གཟིག་གི་ཁྱད་ཆོས་ལྡན་པའི་གྱོན་གོས་རི་མོ་དང་མཛེས་རྒྱན་སོགས་ཡོད། ནང་བསྟན་ཆོས་ལུགས་དང་གཤེན་གྱི་ཆོས་ལུགས། ནེ་སི་ཐའོ་རོས་སིའི་ཆོས་ལུགས། མ་ཎའི་ཆོས་ལུགས་སོགས་ཆོས་ལུགས་རིག་གནས་མང་པོའི་རྗེས་ཤུལ་ཡང་མདོ་དབུས་མཐོ་སྒང་འདིར་བཞག་ཡོད།

ལྷ་སའི་ཇོ་ཁང་ནང་ཉར་ཡོད་པའི་སྤུ་རྒྱལ་དུས་ཀྱི་དངུལ་བུམ་རྟ་མགོ་མ།

        ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་དང་རིམ་པ་མི་འདྲ་བའི་རིག་གནས་འབྲེལ་འདྲིས་ཁྲོད། མཐོ་སྒང་དར་གོས་ཚོང་ལམ་ནི“ཁྲག་མཁོ་འདོན་མ་ལག”ཅིག་དང་མཚུངས་པར། རྒྱུན་ཆད་མེད་པར་མདོ་དབུས་མཐོ་སྒང་ལ་ཁྲག་རྒྱུན་གསར་པ་ནང་འདྲེན་བྱས་ཏེ་ཤེས་རིག་མགྱོགས་མྱུར་ངང་སྤེལ་བ་དང་། མཐོ་སྒང་གི་མི་རིགས་ཁག་ཀྲུང་ཧྭའི་ཤེས་རིག་གི་མ་ལག་ནང་འཇུག་རྒྱུར་སྦྲེལ་ཐག་ལྟ་བུའི་ནུས་པ་ཐོན་ཡོད། སྤུ་རྒྱལ་བཙན་པོའི་དུས་སུ་མཚན་ཉིད་རིག་པ་དང་ཆོས་ལུགས། བསམ་བློའི་ལྟ་བ་སོགས་ཕྱོགས་གང་ནས་ཀྱང་ཐང་རྒྱལ་རབས་ཀྱི་རིག་གནས་ཀྱིས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། འདི་ལས་བཙན་པོའི་རྒྱལ་རབས་བཙུགས་པ་ནས་བཟུང་རིག་གནས་ཀྱི་སེམས་ཁམས་དང་རིག་གནས་ཀྱི་གཅིག་མཐུན་ངོས་འཛིན། རིག་གནས་གདམ་ག་བཅས་ཚང་མར་ཕྱོགས་ལྷུང་གི་རང་བཞིན་མངོན་གསལ་ལྡན་པ་མཚོན་ཡོད།

        ཕྱི་རོལ་ཡུལ་གྱི་དོན་དངོས་དེས་བོད་ཀྱི་རིག་གནས་དེ་ཐང་རྒྱལ་རབས་ཀྱི་རིག་གནས་དང་མཚན་མཐུན་རང་བཞིན། མཉམ་འདྲེས་རང་བཞིན། ངོ་བོ་གཅིག་མཚུངས་རང་བཞིན་བཅས་ལྡན་ཡོད་རྐྱེན། བོད་ཀྱི་རིག་གནས་དེ་རྒྱལ་ཁབ་གཞན་དང་ས་གནས་གཞན་དག་དབར་བྱུང་བའི་ཤེས་རིག་སྤེལ་རེས་དང་འབྲེལ་འདྲིས་བྱུང་བར་ངོ་བོའི་སྟེང་ནས་ཁྱད་པར་ཡོད། མཐོ་སྒང་དར་གོས་ཚོང་ལམ་ནི་དཔུང་པ་གཉིས་བརྐྱངས་པའི་གྱད་མི་ཞིག་དང་འདྲ་བར་བྱང་ཕྱོགས་སུ་རྩྭ་ཐང་དར་གོས་ཚོང་ལམ་དང་བྱེ་ཐང་དར་གོས་ཚོང་ལམ་ལ་འཐམ་འཁྱུད་བྱས་ཡོད། ལྷོ་ཕྱོགས་སུ་ལྷོ་ཡི་དར་གོས་ཚོང་ལམ་དང་མཚོ་ཐོག་དར་གོས་ཚོང་ལམ་ལ་འཐམ་འཁྱུད་བྱས་ཡོད། དུས་དང་བར་སྟོང་གི་ཁྱབ་ཁོངས་དེ་དེ་བས་ཁྱབ་ཆེ་བར་བྱས་ཏེ་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་ཆགས་པར་བྱས་ཏེ་སྔར་ནས་བཟུང་མི་རྣམས་ཀྱིས་ཚེ་སྲོག་བཀག་སྡོམ་ཁུལ་དུ་བརྩི་བའི་མདོ་དབུས་མཐོ་སྒང་དེ་ཀྲུང་ཕྱིའི་ཤེས་རིག་སྤེལ་རེས་ཀྱི་མ་ལག་ནང་བཅུག་ཡོད། མི་རྣམས་ཀྱིས་མཐོ་སྒང་དར་གོས་ཚོང་ལམ་ལ་བརྟེན་ནས་རྒྱལ་ནང་དང་ཨེ་ཤ་ཡ་ལྷོ་མ། དབུས་མ་བཅས་ཀྱི་རྒྱལ་ཁབ་ཁག་དང་མཛའ་མཐུན་འབྲེལ་འདྲིས་བྱས་ཡོད་ལ། དེ་ལས་ཤེས་རིག་མི་འདྲ་བའི་བར་ཇི་ལྟར་སློབ་སྦྱོང་བྱེད་པ་དང་ཕན་ཚུན་གྱི་མཛེས་པའི་ཆ་མཉམ་སྤྱོད་བྱེད་པ། མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་པར་གོ་བ་སྔར་ལས་གཏིང་ཟབ་ཅིག་ལེན་ཐུབ་བོ། །


 བཅར་འདྲི་བྱ་ཡུལ།  དགེ་རྒན་ཆེན་མོ་ཧུ་ཝེ།

        ཁོང་ནི་ད་ལྟ་སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི(ཡུལ་སྐོར་སློབ་གླིང)གླིང་གཙོ་དང་སློབ་གྲྭ་དེ་གའི་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ། སློབ་གསོ་པུའུ་མི་ཆོས་སྤྱི་ཚོགས་ཚན་ཞིབ་གཙོ་གནད་རྟེན་གཞི་སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སོའོ་ཀྲང་། སི་ཁྲོན་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་ཆེན་མོ། ཀྲུང་གོའི་གནའ་དཔྱད་རིག་པའི་ལས་འཛིན་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1