༄༅།།གུར་དཀར་སྟག་ཞུ་རྒྱལ་པོས་ཤན་པ་ལ་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 11-16


ཧོར་གུར་དཀར་རྒྱལ་པོ་ཁོ་རང་ཁོང་ཁྲོས་པའི་ངོ་གདོང་ནག་རོག་གེར་ལངས་ཏེ། ཐུགས་རྒྱལ་བཞེངས་ནས་དུང་ཁྲི་དཀར་མོའི་ཡང་ཐོག་ནས་ཧོར་འདུག་ཅིག་བྱས་ནས་མིག་རྩ་དམར་ཚག་ཚག མན་ཚར་འདར་ཤིག་ཤིག་བྱས་ཏེ་ཤན་པ་ལ་གླུ་འདི་ལྟར་བླངས་སོ། །

   ལྷ་ཡར་མཁྱེན་ཡར་མཁྱེན་ཡར་ལ་མཁྱེན། །

   ལྷ་ཡར་མཁྱེན་དགུང་སྔོན་ནམ་མཁའ་ནས། །

   སྤྲིན་དཀར་པོའི་གུར་སྒོ་གོང་མ་ནས། །

   ཤེལ་དཀར་པོ་འོད་ཀྱི་མཁར་ནང་ནས། །

   གླང་བ་སོ་དཀར་པོའི་ཁྲི་སྟེང་ནས། །

   སེང་དཀར་མོ་སྲབ་མེད་ཞབས་ལ་ཆིབས། །

   གོས་དཀར་པོ་སྲུབས་མེད་སྐུ་ལ་གསོལ། །

   འོད་དཀར་པོའི་འཕྲུལ་གྱི་ཞགས་པ་འཛིན། །

   ཡབ་ལྷ་ཆེན་གནམ་ཐེལ་དཀར་པོ་མཁྱེན། །

   གཟི་དུང་ཁྲི་དཀར་པོའི་གདན་སྟེང་ནས། །

   ང་གུར་དཀར་རྒྱལ་པོའི་གླུ་སྣ་དྲོངས། །

   ལྷ་བར་མཁྱེན་བར་སྣང་སྟོང་བ་ནས། །

   སྤྲིན་སེར་པོའི་གུར་སྒོ་བར་མ་ནས། །

   གསེར་སེར་པོའི་ཉི་མའི་མཁར་ནང་ནས། །

   ནོར་སྤེས་ཤེལ་སེར་པོའི་ཁྲི་སྟེང་ནས། །

   སྟག་སེར་ཁྲ་མི་གཟན་ཞབས་ལ་ཆིབས། །

   གོས་སེར་པོ་གསེར་སྐུ་ལ་མནབས། །

   འོད་སེར་པོའི་འཕྲུལ་གྱི་ཞགས་པ་འཛིན། །

   ཡང་གཉན་ཆེན་བར་ཐེལ་ཁྲ་བོ་མཁྱེན། །

   གཡས་གསེར་ཁྲི་སེར་པོའི་ཡང་ཐོག་ནས། །

   ཧོར་གུར་དཀར་རྒྱལ་པོའི་གླུ་སྣ་དྲོངས། །

   ལྷ་མར་མཁྱེན་ས་གཞི་རི་བོ་ནས། །

   སྤྲིན་ནག་པོའི་གུར་སྒོ་ཞོལ་མ་ནས། །

   རླུང་ནག་པོ་མུན་པའི་མཁར་ནང་ནས། །

   ཐོག་གནམ་ལྕགས་ཁྲོ་བཅུད་ཁྲི་སྟེང་ན། །

   ཕག་ནག་པོ་མགོ་དགུ་ཞབས་ལ་ཆིབས། །

   གོས་ནག་པོ་རོ་རས་སྐུ་ལ་མནབས། །

   འོད་ནག་པོ་མུན་པའི་ཞགས་པ་འཛིན། །

   ཡང་བདུད་པོ་ས་ཐེལ་ནག་པོ་མཁྱེན། །

   གཡོན་ལྕགས་ཁྲི་ནག་པོའི་གདན་སྟེང་ནས། །

   ཧོར་གུར་དཀར་རྒྱལ་པོའི་གླུ་སྣ་དྲོངས། །

   གླུ་དང་པོ་གངས་དཀར་རྩེ་ལ་ལེན། །

   སེང་དཀར་མོས་གཡུ་རལ་ངོམ་འདྲ་ལེན། །

   གླུ་འདི་ལ་རྔམ་ཆེན་འགྱིང་གླུ་ཟེར། །

   གླུ་དེ་ནས་བར་སྣང་ཁམས་ལ་ལེན། །

   དགུང་གཡུ་འབྲུག་ངར་སྐད་གྲགས་འདྲ་ལེན། །

   གླུ་འདི་ལ་དཔའ་བོའི་ངར་གླུ་ཟེར། །

   གླུ་དེ་ནས་ཁྲ་ཡག་རྫ་ལ་ལེན། །

   འབྲོང་བྲེ་སེར་རུ་ཐུར་རྔམ་འདྲ་ལེན། །

   གླུ་དེ་ལ་ཤ་ཟ་སྲོག་གླུ་ཟེར། །

   ངས་གླུ་སྣ་གསུམ་གྱི་ངག་ཅིག་ལེན། །

   ངས་རྒྱལ་པོ་གསུམ་གྱི་གསུང་ཞིག་འབྱོན། །

   ཁྱོད་ཧོར་སྡེ་འབུམ་ཚོ་བཅུ་གཉིས་ཉོན། །

   ཡང་དགོས་སུ་བློན་པོ་ཤན་པས་ཉོན། །

   དཀར་པོས་དཀར་པོ་རྒྱན་ནི་བོ། །

   སེངྒེ་དཀར་མོས་གངས་རི་བརྒྱན། །

   སྔོན་པོས་སྔོན་པོ་རྒྱན་ནི་བོ། །

   གཡུ་འབྲུག་སྔོན་མོས་ནམ་མཁའ་བརྒྱན། །

   སྨུག་པོས་སྨུག་པོ་རྒྱན་ནི་བོ། །

   བྲེ་སེར་འབྲོང་གིས་རྫ་རི་བརྒྱན། །

   མཐོན་པོས་མཐོན་པོ་རྒྱན་ནི་བོ། །

   ཐང་དཀར་རྒོད་ཀྱིས་བྲག་རི་བརྒྱན། །

   ཡག་པས་ཡག་པོ་རྒྱན་ནི་བོ། །

   མེ་ཏོག་ཁྲ་མོས་སྤང་རི་བརྒྱན། །

   རྒྱལ་པོས་རྒྱལ་པོ་རྒྱན་ནི་བོ། །

   གུར་དཀར་རྒྱལ་པོས་ཧོར་རུ་བརྒྱན། །

   རྒྱན་ཡིན་ལེ་ཨེ་ཤེས་ཧོར་སྡེ་ཚོ། །

   ང་གུར་དཀར་རྒྱལ་པོ་གནམ་གྱི་བུ། །

   གནམ་ཨ་སྔོན་ངེད་གཉིས་འདྲ་གི་བསམ། །

   འདྲ་ཉིས་གཤིབ་བྱས་ནས་ང་རང་ལྷག །

   དཔོན་མཁས་རྒྱ་ཆེ་ལེ་ང་རང་ལྷག །

   མགོ་གཞན་ལ་འདོགས་པ་དགྲ་ལ་བསྒྱུར། །

   དགྲ་ཡང་བསྒྱུར་ཤན་པའི་གཉའ་ལ་བསྒྱུར། །

   ང་གུར་དཀར་རྒྱལ་པོ་ཉི་མའི་བུ། །

   དགུང་ཉི་མ་ངེད་གཉིས་འདྲ་གི་བསམ། །

   འདྲ་གཉིས་གཞིབ་ན་ང་རང་ལྷག །

   དཔོན་སྐུ་བསོད་ཆེ་ལེ་ང་རང་ལྷག །

   སྲོག་གཞན་ལ་བཅོལ་རྒྱུ་དགྲ་ལ་བསྒྱུར། །

   དགྲ་ཡང་བསྒྱུར་ཤན་པའི་མགོ་ལ་བསྒྱུར། །

   ང་གུར་དཀར་རྒྱལ་པོ་འབྲུག་གི་བུ། །

   ལྷོ་གཡུ་འབྲུག་ངེད་གཉིས་འདྲ་གི་བསམ། །

   འདྲ་ཉིས་གཤིབ་བྱས་ནས་ང་རང་ལྷག །

   དཔོན་སྙན་གྲགས་ཆེ་ལེ་ང་རང་ལྷག །

   གླིང་གེ་སར་ཤ་ལེན་དགྲ་ལ་བསྒྱུར། །

   དགྲ་ཡང་བསྒྱུར་ཤན་པའི་སྙིང་ལ་བསྒྱུར། །

   གླིང་ཕོ་སྐྱེས་བསད་ནས་མོ་ལ་གཏུགས། །

   མཁར་ཇ་མཁར་བཤིག་ནས་རྨང་ལ་གཏུགས། །

   སྨན་འབྲུག་མོ་ཕྲོགས་ནས་ལོ་བརྒྱད་སོང་། །

   གླིང་གེ་སར་ཚྭ་ཚོང་གང་ལ་སོང་། །

   དུས་ད་ལོ་རོ་ལངས་གང་ནས་བརྒྱབ། །

   གཏམ་དེ་འདྲ་ཤན་པས་གང་ནས་ཐོབ། །

   ངས་ད་ཐེངས་མིན་པའི་ཐོས་མ་མྱོང་། །

   དུས་དང་པོ་གླིང་གི་ས་ཆ་དེ། །

   དུས་དེང་སང་རྐྱང་འབྲོང་གཉིས་ཀྱིས་བཟུང་། །

   སྔོན་དང་པོ་འཛམ་གླིང་རྒྱལ་པོ་དེ། །

   དུས་དེར་སང་ནག་པོ་བདུད་ཀྱིས་ཟོས། །

   ཁྱོད་ཤན་པས་ཡོད་ལེ་གང་ནས་ཐོས། །

   ཁྱོད་སྐྲག་གཏམ་མ་བཤད་ཁ་རོག་སྡོད། །

   ང་གུར་དཀར་སྔུན་ནས་ངོ་རེ་ཚ། །

   གླིང་འདན་མ་ཇག་ལ་ཡོང་བའི་དུས། །

   ཁྱོད་བློན་ཆེན་ཤན་པ་མ་མདར་བརྒྱུགས། །

   ཧོར་པདྨ་ཡར་ལུང་ཁུག་ནས་དེད། །

   མགོ་ཡ་ཐོད་དུང་གི་ཟླ་བ་བཀོག །

   ཧོར་སྡེ་བས་ཤན་པ་ཀླད་དམར་བཏགས། །

   ཁྱོད་མཁས་པའི་ལོ་རབ་དེ་འདྲ་རེད། །

   གནའ་དང་པོ་ཧོར་གླིང་མ་འཁྲུགས་གོང་། །

   ཁྱོད་ཤན་པས་གླིང་རུ་མི་ཐུབ་ཟེར། །

   གྲི་གཡུགས་ན་རྒྱ་ཚར་མི་དོ་ཟེར། །

   གླིང་རྒྱ་ཚ་ཟེར་བ་དཔའ་སྟོབས་ཆེ། །

   ཧོར་སེར་པོས་ངོ་ཡ་མི་ལོན་ཟེར། །

   ད་མགོ་བོ་མཁར་གྱི་རྩེ་རྒྱན་རེད། །

   ལུས་གཟུགས་གཞི་ཨ་ཆེན་ཐང་ན་ཡོད། །

   ཁྱོད་མཁས་པའི་ལོ་རབ་དེ་དང་འདྲ། །

   གླིང་གེ་སར་ཟེར་བ་རྫུ་འཕྲུལ་ཅན། །

   སྟོབས་འགྲན་ན་ཧོར་གྱིས་མི་ཐུབ་ཟེར། །

   ངས་ཇ་མཁར་རིང་མོ་རྩེ་ནས་བཤིག །

   ངས་ཆུང་མ་འབྲུག་མོ་ལག་ནས་ཕྲོགས། །

   སུས་ར་མདའ་མ་ཆོད་གོ་བརྒྱད་སོང་། །

   ཁྱོད་མཁས་པའི་ལོ་རབ་དེ་འདྲ་རེད། །

   གླིང་ཁྲ་མོའི་ཆོས་སྐྱོང་བཙན་ལེ་ཟེར། །

   ལྷ་མགོན་པོ་དངོས་སུ་རྒྱུག་ལེ་ཟེར། །

   གླིང་ཕ་ཆོས་དུམ་པ་བཅུ་གཉིས་དེ། །

   དུས་དེང་སང་རྒྱལ་པོའི་བཞུགས་ཁྲི་ཡིན། །

   ང་ཧོར་རྒྱལ་མངའ་ཐང་ཇེ་བཟང་རེད། །

   གཡུ་དྲུག་དཀར་སྒྲོལ་མ་དཀར་པོ་གཅིག །

   དམར་བྱུ་རུའི་ཚེ་དཔག་མེད་མགོན་གཉིས། །

   དུང་དཀར་མོའི་ཐུགས་རྗེ་ཆེན་པོ་གསུམ། །

   ཧོར་ན་ཆུང་བུ་མོའི་མགོ་རྒྱན་བྱས། །

   སྨན་བུ་མོའི་བསྟན་པ་ཇེ་དར་རེད། །

   གཉན་ཆོས་སྐྱོང་ཡོད་རབ་དེ་འདྲ་རེད། །

   ང་རྒྱལ་པོ་དགུང་ལོ་ཉུང་བའི་དུས། །

   ཕ་ཐོ་ཐོག་རལ་ཆེན་སྐུ་རིང་ལ། །

   རྒྱ་ཚོང་པའི་ཁེ་པ་ཧོར་ལ་བབས། །

   གཡུ་དྲུག་དཀར་ནེ་ཙོ་བཤད་ཤེས་ཉོས། །

   སྔོ་ལྷབ་ལྷབ་འཕུར་བ་ང་རང་གསལ། །

   ཡང་བྱུ་རུ་དམར་པོའི་རྨ་བྱ་ཉོས། །

   དམར་ལྷབ་ལྷུབ་འཕུར་བ་ང་རང་གསལ། །

   སྟག་དམར་ཡག་སྒོ་ཁྱི་བཙན་པོ་ཉོས། །

   ཁྲ་ཤིག་གི་ངུར་བ་ང་རང་གསལ། །

   དུང་དཀར་པོའི་ལུ་གུ་ཉོས་པ་བདེན། །

   དཀར་ཀྲིག་ཀྲིག་འབའ་བ་ང་རང་གསལ། །

   ཚོང་ཁེ་བའི་བ་ཁ་དགུ་བརྒྱ་འདི། །

   ཧོར་རྒྱལ་རབས་བཞི་བཅུའི་ཁེ་པ་རེད། །

   ཁྱོད་ཤན་པས་གླིང་གི་ཆོ་འཕྲུལ་ཟེར། །

   ཁྱོད་ཤན་པའི་ཁ་དེ་ཐལ་བས་ཆོད། །

   ང་མི་འདུག་མྱུར་མོར་སྒར་ལ་འགྲོ། །

   སྟོད་བླ་མའི་སྒར་ལ་དབང་ཞུར་འགྲོ། །

   ཁྱོད་ཤན་པ་ཨེ་འགྲོ་རང་གིས་ལྟོས། །

   ཧོར་སྡེ་བ་དཔོན་བློན་དབང་ལ་འགྲོ། །

   ང་རྒྱལ་པོ་བདེ་བའི་ཚེ་དབང་ཞུ། །

   སྨན་འབྲུག་མོ་སྐྱིད་པའི་སྐྱབས་འཇུག་ཞུ། །

   དགྲ་གླིང་རུ་ཐུབ་པའི་ལས་བཅོལ་ཞུ། །

   གླུ་དེ་ཚོ་ཧོར་སྡེ་ཞེ་ལ་ཞོག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1