སྤྱི་བཤད།
གོ་རེ་ནི་བོད་པའི་ཁྱིམ་ཚང་ནང་གི་ཆེས་རྒྱུན་སྤྱོད་ཀྱི་ཁ་ཟས་མེད་དུ་མི་རུང་བ་དེ་ཡིན། དེ་བཟོ་བའི་རྒྱུ་གཙོ་བོ་ཕྱེ་ཡིན། ཕྱེ་ལ་གྲོ་ཕྱེ་དང་ནས་ཕྱེ། སྲན་ཕྱེ་སོགས་ཀྱི་དབྱེ་བ་ཡོད་ཀྱང་། རང་གི་དགའ་ཕྱོགས་དང་དགོས་མཁོའི་དབང་གིས་ད་དུང་རུ་མ་དང་སྣུམ། གོར་རྫས་དང་གོར་རྩི་སོགས་ཀྱང་རྒྱུ་ལ་སྤྱོད་སྲོལ་ཡོད།
གོ་རེའི་རིགས་ལ་སྤྱིའི་ཆ་ནས་སྐྱུར་མ་དང་ཆུར་བརྫིས་གཉིས་དང་། བཙོ་བསྲེགས་ཀྱི་ཐད་ནས་རླངས་བཙོས་དང་། སྣུམ་བཙོས། ཐལ་བསྲེགས། ཟང་བསྲེགས་སོགས་ཡོད། དབྱིབས་ཀྱི་ཆ་ནས་རྡོག་པོ་དང་། གོར་མོ། ལེབ་མོ། མེ་ཏོག་གི་ཞལ་ཁ་ཕྱེས་འདྲ། ཐ་གུ་བརྒྱུས་འདྲ། སྐྲའི་ལན་བུ་བསླས་འདྲ་སོགས་ཡོད་ལ། མིང་གི་ཆ་ནས་གོར་མོ་ཆེ་དང་ཅོང་རྡོག ལག་འཁྱིལ། ཕྱབ་ཕྱ། ཟང་གོར། སྐྱ་རུག རྡེའུ་རུག གོ་དམར། སོག་སོག སྐྱ་ཤོག ཐལ་གོར། ཆུར་བརྫིས་སོགས་ཡོད་པ་ཇི་བཞིན་དེ་དག་རེ་རེའི་བཟོ་དབྱིབས་དང་ཁྱད་པར། སྤྱོད་སྒོ་ཐད་ནས་ཀྱང་སོ་སོ་མི་འདྲ་བ་ཡོད།
དེ་ལས་གོར་མོ་ཆེ་ནི་བོད་པའི་ཁྱིམ་ཚང་ནང་གི་གོ་རེ་འདང་ཆེན་ཞིག་ཡིན། དེ་ནི་ཕྱེ་དང་རུ་མ་བསྲེས་པའི་ནང་ལ་སྣུམ་ལྡུག་དང་མི་ལྡུག་གཉིས་ཀ་ཡོད། དེར་གོར་རྫས་དང་གོར་རྩི་འོས་འཚམ་རེ་བསྲེས་ནས་དབྱིབས་གོར་གོར་ཅན་གཙོ་ཆེ་ལ། གདུ་བུའི་དབྱིབས་ལྟར་བཟོས་པའང་རྒྱུན་དུ་མཐོང་རྒྱུ་ཡོད། ད་དུང་དེའི་སྟེང་དུ་རི་མོ་ཕབ་ནས་གོར་སྣོད་དུ་བསྡུས་ཏེ་མེ་འོབས་སུ་བཅུག་ནས་དུས་ཚོད་སྐར་མ་སུམ་ཅུ་ཙམ་ལ་བསྐྱུར་རྗེས། ད་གཟོད་བླངས་ནས་ཐད་ཀར་ལོངས་སྤྱད་ཆོག་པ་ཞིག་ཡིན། ཚོས་ཟིན་པའི་གོ་རེའི་ཕྱི་ཤུན་དགོག་སྟེ་སེར་སྐག་སྐག་བྱེད་ཅིང་། ནང་སྙིང་ཚོས་ཏེ་དཀར་སོབ་སོབ་བྱེད། གོར་དྲི་ཤིན་ཏུ་ཆེ་བས་བཏུང་ཡ་ཇ་རྐྱང་ལས་མེད་ཀྱང་ཟ་འདོད་ཀྱི་ཡི་ག་གཏན་ནས་འགག་པ་མེད། གོ་རེ་འདི་ཁྱིམ་གྱི་སྤྱོད་བྱ་ཙམ་མ་ཟད། མགྲོན་པོར་སྣེ་ལེན་གཏོང་བྱེད་དང་། བླ་མའི་ལུང་བསྟན་ཞུ་བྱེད། དཔོན་པོའི་ངོ་སོ་ལེན་བྱེད་ཀྱི་ལེགས་སྐྱེས་སུ་ཕུལ་བའི་ལོ་རྒྱུས་ཡོད་ལ། བུ་སྐྱེས་ནས་ཟླ་ཁ་འགྲུབ་པའི་ཁམས་འདྲིའི་ལེགས་སྐྱེས་དང་། བག་འབོད་བྱེད་པའི་ལེགས་སྐྱེས་སུ་སྟེར་བའི་སྲོལ་ཡང་ད་དུང་ཡོད།
སྐྱ་རུག
སྐྱ་རུག་ནི་ཡུན་རིང་བོར་བཞག་ཀྱང་མི་རུལ་བ་དང་གྱོང་དཀའ་ལ་བཅུད་འཛིན་པ། ཟ་བདེ་ལ་ཟ་འདོད་པའི་ཁྱད་ཆོས་སོགས་ལྡན་པས། རྒྱང་བཀྱེད་དེ་ལམ་ལ་ཆས་མཁན་ཚོའི་བྲོ་ལ་སྤྱོད་པ་ཤས་ཆེ་ལ། ལྷ་མདུན་དུ་མཆོད་རྫས་སུ་བྱེད་པ་ཡང་ཡོད། གོ་རེ་འདི་བཟོ་བར་ཕྱེ་དང་རུ་མའི་བསྲེས་ཚུལ། གོར་རྫས་དང་གོར་རྩི་གདབ་ཚུལ། ཕྱེ་ཡི་སྣོས་ཐག་སོང་མིན་སོགས་གོར་མོ་ཆེ་དང་གཉིས་སུ་མ་མཆིས་ཀྱང་། དེ་བཟོ་དབྱིབས་གོར་མོ་ཆེ་དང་ཁྱད་པར་ཆེ་སྟེ། དེ་ཡང་ཕྱེ་རྡོག་ལག་པས་ཕུར་ནས་རིལ་བུ་བྱ་སྒོང་འདྲ་བ་བཟོས་རྗེས། སྣོད་དུ་ཕྱེ་རིལ་གསུམ་དང་། ཡང་ན་བཞི་རེ་བཙིར་ནས་མེ་འོབས་སུ་བཅུག་སྟེ་སྲེག་དགོས་པ་ཞིག་ཡིན། གོ་རེ་འདི་ནི་ཆུང་ཆུང་བཀོད་བདེ་བྱིས་པའི་ལག་ཏུ་འཕྲོད་པས། ཁོ་ཚོས་ནམ་ཡང་དགའ་པོ་བྱེད་པ་ཞིག་ཀྱང་ཡིན།
ཐལ་གོར།
ཐལ་གོར་གྱི་ཕྱེ་ཡི་བརྫི་སྟངས་གོང་དང་མཚུངས་ཏེ། ཕྱེ་དང་རུ་མ་མཉམ་དུ་བསྲེས་ནས་སྣུམ་ལྡུག་པ་དང་། གོར་རྫས་སོགས་བཏབ་པའི་རྗེས་ལ་བརྡལ་རིལ་དང་ལག་པས་གླེབས་ནས་ལེབ་ལེབ་བཟོ་བ་ཡིན། གོ་རེ་འདི་བསྲེག་ཚུལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། གོ་རེ་གཞན་དང་མི་འདྲ་བར་སྲེག་བྱེད་ཀྱི་སྣོད་མི་དགོས། ཡིན་ནའང་གོ་རེ་བསྲེག་བྱེད་ཀྱི་ཐལ་བ་ལ་དང་དོད་ཆེར་བྱེད་དགོས་པ་ཡིན། དེ་ཡང་ཐོག་མར་སྤོ་ཐོ་མེ་ལ་བསྒྲོན་ནས་ས་འཚིགས་བསྲེགས་པ་དང་། ས་འཚིགས་བཏུལ་ནས་བྱེ་མར་བཏང་རྗེས། གོ་རེ་བྱེ་མའི་འོབས་སུ་བཅུག་སྟེ་སྐར་མ་སུམ་ཅུ་ཙམ་ལ་བསྐྱུར་ཚེ་གཞི་ནས་ཚོས་པ་ཞིག་ཡིན། ཚོས་མ་ཐག་པའི་གོ་རེའི་ཕྱི་ཤུན་འཚིགས་ཏེ་མིག་ལ་སྡུག་པ་ཞིག་ཏུ་སྣང་ན་ཡང་། འདྲེད་ཆས་ཀྱིས་དེའི་ཐོག་འོག་གི་ནག་དྲེགས་གཙང་མར་དྲད་ཚེ། གོ་རེ་དེའི་མཛེས་སྡུག་གཞི་ནས་མངོན་སྲིད་དོ། །
ལག་འཁྱིལ།
ལག་འཁྱིལ་ནི་བོད་པའི་ཁྱིམ་ཚང་གི་རྒྱུན་སྤྱོད་གོ་རེ་ཞིག་ཡིན། གོ་རེ་འདི་ནི་སྐྱུར་གྱི་ནང་དུ་ཕྱེ་བསྲེས་ཏེ་བརྫིས་ཀྱིས་ལོང་ཚེ། ལག་པས་ལེབ་ལེབ་བཅོས་ཏེ་སྟེང་ལ་སྣུམ་དང་གོར་རྩི་གདབ་དགོས་པ་དང་། ཤོག་རིལ་སྟེག་སྟེ་ཚོད་གཏུབ་ཀྱིས་དུམ་བུ་དང་དུམ་བུར་གཏུབ་དགོས། དེ་ནས་ལག་པས་དབྱིབས་གང་འདོད་དུ་གཅུས་ཏེ་ཁོལ་ལ་འཇོག་དགོས་པ་དེ་ཡིན། གོ་རེ་འདི་ནི་ཤ་ཁུ་དང་། ཧྥུན་ཐང་། མར་ཁུ་སོགས་ཀྱི་སྤྲོད་ཡ་བྱས་ན་རབ་ཏུ་འཚམ་པས། སྡེ་བ་ཚོ་བ་དང་། ཁྱིམ་མཚེས་གཡས་གཡོན་ཁྲོད་དུ་མི་ཤི་བའམ། བཅའ་བ་རིམ་བྲོ་བསྒྲུབ་པ། ཡང་ན་བག་མ་གཏོང་ལེན་དང་། སྟོན་མོ་བྱེད་པ་སྟེ་སྡུག་དང་སྐྱིད་སོགས་བྱུང་བ་ཡོད་ན། དེ་ལ་འཁྱེར་བའི་གོ་རེ་ངོ་སོ་ཅན་ཞིག་ཀྱང་ཡིན།
ཅོང་རྡོག
ཅོང་རྡོག་ལ་ངོས་འཛིན་ཚུལ་མི་འདྲ་བ་ཡོད་ཀྱང་། འདིར་བཤད་པ་ནི་སྟོན་མོ་སོགས་སུ་སྡེར་ཁ་བསྒྲིགས་པའི་གོ་རེ་བལྟས་ཤོམ་ཆེ་བ་དེ་ཡིན། གོ་རེ་དེ་ནི་མདོག་དཀར་ལ། དབྱིབས་སྒོར་བ་དང་། ཐོག་མེ་ཏོག་གི་ཞལ་ཁ་ཕྱེས་པ་ལྟར་གས་ཡོད། མི་རྣམས་ཀྱིས་གོ་རེ་འདི་གས་མ་གས་ཀྱི་སྟེང་ནས་བདག་མོའི་ལག་ཟས༼ལག་རྩལ༽ཀྱི་ཚད་འཇལ་གྱིན་ཡོད་པས། བདག་མོ་ལག་ཟས་མེད་མཁན་ཚོར་གོ་རེ་འདི་བཟོ་བའི་སྤོབས་པ་ཡེ་ནས་མེད། གལ་ཏེ་དགོས་མཁོའི་དབང་གིས་ཅིས་ཀྱང་བཟོ་དགོས་པ་བྱུང་ན། སྡེ་བའི་མཛངས་མ་ཉམས་མྱོང་ཅན་གདན་དྲངས་ཏེ་བཀོད་འདོན་བྱ་རུ་འཇུག་པའི་སྲོལ་ད་དུང་རིག་རྒྱུ་ཡོད། གོ་རེ་འདིའི་བོངས་ཆེ་བ་དང་། རེ་རེ་ཕན་ཚུན་མི་འདྲེས་པར་བྱེད་པ་ལ་སོ་སོ་བཀྲམས་ནས་འཇོག་དགོས་པས། ཤིང་ཁོལ་ཚད་ལྡན་ཞིག་གི་ནང་དུ་གོ་རེ་གསུམ་རེ་མ་གཏོགས་མི་ཤོང་། གོ་རེ་ཁོལ་ལ་བསྐྱོན་ཚུན་ནས་མེ་ཡི་བཙན་གཉོམ་ཤོར་མི་རུང་བ་འདིའང་གོ་རེ་ལེགས་མི་ལེགས་ཀྱི་གནད་འགག་གཙོ་བོ་ཞིག་ཡིན་པས། བདག་མོ་ཚོས་རྒྱུན་དུ་རྩྭ་མེ་བཏང་སྟེ་མེ་འབུད་པ་ལ་སྣང་ཆུང་གཏན་ནས་མི་བྱེད། གོ་རེ་འདིའི་ནང་དུ་སྣུམ་མང་ལ། རེག་བྱ་འཇམ་ཞིང་བཟའ་ཚེ་ཁ་ནང་དུ་ཐོར་སླ་བས། ལོ་ལོན་ཚོས་རྩམ་པ་ལྟར་མར་ལ་བརྫི་ནས་ཟ་བའི་སྲོལ་ཡང་ཡོད།
ཆུར་རྫིས།
ཆུར་བརྫིས་ལ་རུ་མ་མི་དགོས་པར་ཕྱེ་སྐྱའི་ནང་དུ་སྣུམ་དང་ཆུ་བླུགས་ཏེ་ཐད་ཀར་བརྫིས་ཆོག་པ་ཞིག་ཡིན། སྣོས་ཐག་ཆོད་པའི་ཕྱེ་རྡོག་ལག་པས་གླེབས་ནས་ལེབ་ལེབ་བཟོས་རྗེས། རྩི་ཐུར་དང་། ཡང་ན་ཐུར་སྣེས་གཙགས་ཏེ་ཐོག་འོག་གཉིས་ཀ་བུ་གས་ཁེངས་པར་བྱས་ཏེ་གོ་རེའི་ཁོག་ཏུ་དབུགས་སྦོས་ཏེ་ཐོག་འོག་འཕྲལ་བའི་ཉེན་ཁ་འགོག་པར་བྱེད་པ་ཡིན། ཚོས་ཟིན་པའི་ཆུར་བརྫིའི་མདངས་སེར་ལ་མདོག་ལེགས་པས་ཟ་ འདོད་ཀྱི་ཡི་ག་དཀུ་བར་བྱེད་ཅིང་། རྩི་ཐུར་དང་ཐུར་རྩེ་ཡིས་གཙགས་པའི་བུ་གའི་ཤུལ་ནི་རུབ་སྟེ་རི་མོའི་ངོ་བོར་གྲུབ་འདུག་པས་བལྟས་ན་མིག་ལ་མཛེས་པ་ཞིག་ཡིན། སྣུམ་གྱིས་སིམ་པའི་གོ་རེ་ཁ་ལ་ཟོས་ཚེ། ཀ་ར་གོ་རེ་དང་གཉིས་སུ་མ་མཆིས་པ་ཞིག་ཡིན་པས། མགྲོན་པོ་གལ་ཆེན་དང་། མི་སྣ་འདང་ཆེན། ཁྱད་པར་ཅན་གྱི་མི་སྣ་སྟེ་བང་མ་དང་། ནད་པ་སོགས་ཀྱི་བྲོ་ལ་སྤྱོད་པ་ཁྱབ་ཆེ།
གོ་དམར།
གོ་དམར་ཞེས་པའི་མིང་ནི་ཁ་དོག་གི་ཆ་ནས་བཏགས་པ་ཞིག་ཡིན། གོ་རེ་འདི་ནི་ཕྱེ་དང་རུ་མ་མཉམ་དུ་བརྫིས་རྗེས། དབྱིབས་གོར་གོར་དང་། ནར་གཟུགས་སུ་བཅོས་ཏེ་སྣུམ་གྱི་ནང་དུ་བཙོ་བ་ཞིག་ཡིན། ཚོས་ཟིན་པའི་གོ་རེའི་མདོག་དམར་མདངས་དང་སེར་མདངས་ལྡན་པ་ཞིག་ཡིན། གོ་རེ་འདི་ནི་ལོ་སར་དང་། འདས་མཆོད། ཡང་ན་སྟོན་མོ་སྣ་ཚོགས་ཀྱི་སྐབས་སུ་སྡེར་ཁ་སྒྲིག་བྱེད་གཙོ་གྲས་ཤིག་ཡིན།
སོག་སོག
སོག་སོག་ཅེས་པ་ནི་གོ་རེ་འདི་ཟ་བའི་དུས་སུ་ཁ་ནས་ཕྱུང་བའི་སྒྲའི་ཆ་ནས་མིང་དེ་ལྟར་བཏགས་པ་ཡིན་ཞིང་། གོ་རེ་འདི་བཟོ་བར་ཕྱེའི་ནང་ལ་ཚ་ཆུའམ་གཡེར་ཆུ་བླུག་སྟེ་སྣོས་དགོས་ལ། སྣོས་ཟིན་པའི་ཕྱེ་རྡོག་ལག་པས་ཕུར་ནས་ཐིག་སྐུད་འདྲ་བ་རེ་བཟོས་རྗེས། ཞགས་དཀྲིས་བརྒྱབ་སྟེ་སྣུམ་ཟང་དུ་འཕེན་པར་བྱེད་ཅིང་། དེ་ནས་ཁུགས་མགོ་གཉིས་སུ་ཐུར་མ་དྲངས་ཏེ་འཐེན་ནས་དབྱིབས་རང་གི་འདོད་མོས་ལྟར་བཟོས་ཆོག
རྡེའུ་རུག
རྡེའུ་རུག་ནི་གོ་རེ་སྣུམ་བཙོས་ལས་ཆེས་བཟོ་སླ་བོ་དེ་ཡིན། བརྫི་ཟིན་པའི་ཕྱེ་རྡོག་ཚོད་གྲིས་གཏུབ་ནས་ཐད་ཀར་བཙོས་ཆོག་པ་ཞིག་ཡིན། གོ་རེ་འདི་སྐྱ་རུག་དང་འདྲ་བར་རྒྱུན་དུ་བྲོ་ལ་སྤྱོད་པ་ཤས་ཆེ་ལ། གོ་དམར་དང་། སོག་སོག སྣུམ་གོར་དག་དང་མཚུངས་པར་ཟ་ཆེ་ན་མཁྲིས་པར་གནོད་དོ།
ཕྱབ་ཕྱ།
ཕྱབ་ཕྱ་ནི་ཡུལ་ལུང་རེ་འགར་གསར་དུ་དར་བའི་གོ་རེ་ཞིག་ཡིན་ལ། བལྟས་ཚོད་ཀྱིས་སྒོང་གོར་དང་འདྲ་བ་ཡོད། གོ་རེ་འདི་བཟོ་བར་ཐོག་མར་ཕྱེ་དང་། སྣུམ། ཙོང་། བྱ་སྒོང་བཅས་བསྲེས་ཏེ་ལྡེ་གུ་ལྟ་བུར་བཟོས་རྗེས། ཟང་ང་ཞབས་བདེའི་ངོས་ལ། སྐྱོགས་ཀྱིས་སྲབ་མཐུག་མེད་པར་ལྡུག་དགོས་པ་ཞིག་ཡིན། བླུག་ཟིན་པའི་གོ་རེ་ཧ་ཅང་སྲབ་པས། དུས་ཚོད་ཐུང་ཐུང་ནང་དུ་ལོངས་སུ་མ་སྤྱད་ཚེ་གྱོང་ཉེན་ཡོད། ཟ་བའི་ཚེ་ནའང་སུམ་ལྟེབས་དང་བཞི་ལྟེབས་བྱས་ནས་ཟ་བ་རྒྱུག་ཆེ། གོ་རེ་འདིའི་བཟོ་སྟངས་ཧ་ཅང་ཞིབ་ཚགས་ཆེ་ལ། ལྡུག་མཁན་ཉམས་མྱོང་ལྡན་པ་ཞིག་ཡིན་དགོས། སྤྱིར་བཏང་དུ་གོ་རེ་འདི་མགྲོན་པོ་གལ་ཆེན་དང་། སྟོན་མོ་རྒྱ་ཆེན་མ་གཏོགས་གཞན་གང་དུའང་རིག་རྒྱུ་དཀོན་ནོ། །
སྐྱ་ཤོག
སྐྱ་ཤོག་ནི་གོ་རེ་ཁྱད་པར་བ་ཞིག་ཡིན། གོ་རེ་དེ་གོ་རེ་གཞན་ལྟར་ཐད་ཀར་ཟོས་ཆོག་ལ། ཁུ་བའི་ནང་དུ་བསྐོལ་ནས་ཐིག་པ་ལྟར་བཏུང་ཡང་ཆོག ཁོག་པ་བཤལ་ནས་ཡུན་རིང་འགོར་བའི་ནད་པ་དང་། བྱིས་པ་སྐྱེས་ནས་ལུས་ཟུངས་ཟད་པའི་སྐྱེས་མ་ཟླ་ཁ་མ་འགྲུབ་པ་དག་ལ་རབ་ཏུ་སྨན་ནོ། །