ཧུའུ་ཁྲུན་ཧྭ་ཡིས་སི་ཁྲོན་དུ་སྟོན་དགུན་གཉིས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-16



        ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་སི་ཁྲོན་ཞིང་ཆེན་དུ་སྟོན་དགུན་གཉིས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ། སྟོན་བསྡུ་དང་སྟོན་དགུན་གྱི་འདེབས་འཛུགས་སོགས་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ལྷོད་མེད་དང་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཧུའུ་ཁྲུན་ཧྭ་ཡིས་མཛུབ་སྟོན་གནང་དོན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱི་པད་ཁའི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རང་རྒྱལ་གྱི་སྣུམ་རྒྱུ་ཐོན་སྐྱེད་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། སི་ཁྲོན་སོགས་ཞིང་ཆེན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དགུན་དུས་ཀྱི་ཞིང་ཡན་བེད་སྤྱད་དེ་པད་ཁ་ཐོན་སྐྱེད་བྱེད་རྒྱ་གང་མགྱོགས་ཆེ་རུ་གཏོང་དགོས། པད་ཁའི་ཐོན་སྐྱེད་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྤུས་ལེགས་སྤྱོད་གོ་ཆོད་རིགས་དང་འཕྲུལ་ཆས་ལ་འཚམ་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། འགན་འཁྲི་དོན་འཁྱོལ་དང་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་འདེབས་རྒྱ་ཆེར་གཏོང་གི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

        ཧུའུ་ཁྲུན་ཧྭ་ཡིས་ནན་བཤད་གནང་དོན། ལྷོ་ཕྱོགས་ཞིང་ཆེན་གྱིས་འོད་དྲོད་ཀྱི་ཆ་རྐྱེན་ཡག་པ་དང་། ཆུའི་ཐོན་ཁུངས་ལེགས་པ། ས་ཞིང་གི་རིགས་དང་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་སྣ་མང་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འབྲུ་རིགས་ཐོན་སྐྱེད་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་རི་ཞིང་འཕྲུལ་ཆས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རེས་འདེབས་དང་། སྣོལ་འདེབས། མཉམ་འདུས་འདེབས་འཛུགས་སོགས་དུས་ཚིགས་མང་པོ་དང་འབྲུ་རིགས་ཐོན་སྐྱེད་བྱེད་སྟངས་སྣ་མང་འཚོལ་ཞིབ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་སྤུས་དག་ནུས་ཆེའི་ཞིང་ལས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས།

        ཧུའུ་ཁྲུན་ཧྭ་ཡིས་མཛུབ་སྟོན་གནང་དོན། སྟོན་ཁ་དང་དགུན་ཁའི་དུས་ཚིགས་ནི་ཕག་ཤ་སོགས“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་འཛད་སྤྱོད་བྱེད་མང་བའི་དུས་ཚིགས་ཤིག་རེད། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ཕག་པ་གསོ་ཚགས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་སྔོ་ཚལ་དང་། ཤ། སྒོ་ང་། འོ་མ། ཆུ་ཐོན་ཐོན་རྫས་སོགས་ཀྱི་ཐོན་སྐྱེད་ལ་གཅིག་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ་དང་། ཁྲོམ་ར་སྟངས་འཛིན་དང་ཐོན་འཚོང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆར་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།

        ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་ཙི་དབྱང་གྲོང་ཁྱེར་དང་། ནེ་ཅང་གྲོང་ཁྱེར། ཙེ་ཀུང་གྲོང་ཁྱེར། དབྱི་པིང་གྲོང་ཁྱེར་བཅས་སུ་ཕེབས་ནས་སྟོན་དགུན་གཉིས་ཀྱི་ལོ་ཏོག་ཐོན་སྐྱེད་དང་། འདེབས་འཛུགས་བྱེད་སྟངས་གསར་གཏོད། ཞིང་ལས་ཀྱི་སོན་བཟང་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1