༄༅།། རིམས་འགོག་སྲིད་ཇུས་ཀྱི་ནང་དོན་འདི་དག་ལ་འགྱུར་བ་བཏང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-17


        ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོ་ཆུང་གིས《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔར་ལས་ལེགས་འགྱུར་བྱས་ནས། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བྱ་ཐབས་སྔར་ལས་ལེགས་སུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། རིམས་འགོག་སྲིད་ཇུས་གསར་པའི་ཞིབ་ཕྲའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

    ལོགས་སུ་བཀར་བའི་དུས་ཚོད་དང་བྱེད་ཐབས་སྐོར།

        འབྲེལ་བ་དམ་ཟབ་བྱུང་མཁན་ལ“ཉིན་5ཡི་གཅིག་སྡུད་ལོགས་བཀར+ཉིན་3གྱི་ཁྱིམ་སྡོད་ལོགས་བཀར”ལག་བསྟར་བྱ་རྒྱུ།

        ཉེན་ཁ་ཆེ་བའི་ཁུལ་ནས་སླེབས་པའི་མི་སྣར“ཉིན་7གྱི་ཁྱིམ་སྡོད་ལོགས་བཀར”ལག་བསྟར་བྱ་རྒྱུ།

        བཀག་སྡོམ་ཁུལ་ནང་གི་ལས་མཇུག་སྒྲིལ་བའི་ཉེན་ཆེའི་ལས་གནས་ཐོག་ལས་ཀ་བྱེད་མཁན་ལ“ཉིན་5ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན”ལག་བསྟར་བྱ་རྒྱུ།

        རྒྱལ་ཁོངས་སུ་འཛུལ་མཁན་ལ“ཉིན་5ཡི་གཅིག་སྡུད་ལོགས་བཀར+ཉིན་3གྱི་ཁྱིམ་སྡོད་ལོགས་བཀར”ལག་བསྟར་བྱ་རྒྱུ་དང་དམིགས་སར་འབྱོར་རྗེས་སླར་ཡང་ལོགས་སུ་བཀར་མི་ཆོག

        རྒྱལ་ནང་དུ་འཛུལ་བའི་ཚོང་དོན་གྱི་མི་སྣ་གལ་ཆེན་དང་ལུས་རྩལ་ཚོགས་པའི་ཚོ་ཆུང་སོགས་ཡིན་ཚེ། “ས་ཚིགས་ནས་ས་ཚིགས”བརྒྱུད་ལོགས་བཀར་བྱ་མི་དགོས་པའི་བཀག་སྡོམ་དོ་དམ་ཁུལ་དུ་བསྐྱལ་ནས། ཚོང་དོན་དང་། སྦྱོང་བརྡར། འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ཆོག

        དམིགས་སུ་ཞུ་རྒྱུར། གོང་གསལ་མི་སྣ་དེ་དག་ལོགས་སུ་བཀར་རིང་ཁ་པར་ནང་ཨང་རྟགས་སྤྲད་པའི་དོ་དམ་བྱ་རྒྱུ་དང་། དེའི་རིང་ཕྱིར་འགྲོ་མི་ཆོག་པའམ་དོ་དམ་ཁུལ་ནས་ཁ་འབྲལ་མི་ཆོག

    ཉེན་ཁའི་ས་ཁོངས་གཏན་འཁེལ་བྱེད་ཚུལ་སྐོར།

        དེ་སྔ“ཉེན་ཁ་ཆེ་བ་དང་། འབྲིང་བ། ཆུང་བ”བཅས་དབྱེ་ཚུལ་གསུམ་ཡོད་པ་དེ“ཉེན་ཁ་ཆེ་བ་དང་ཆུང་བ”ཞེས་ཁག་གཉིས་ལས་དབྱེ་བ་མི་འབྱེད་རྒྱུར་ལེགས་སྒྲིག་བྱས་པ།

        ས་གནས་ཁག་གིས་རིམས་ནད་ཐོན་རྗེས་ཉེན་ཁ་ཆེ་བའི་ཁུལ་དུས་ཐོག་ལ་དབྱེ་འབྱེད་བྱེད་པ་དང་འབྲེལ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་དགོས།

        ཉེན་ཁ་ཆེ་བའི་ཁུལ་དེ་སྤྱིར་ཁང་ཚན་དང་ཐོག་ཁང་སྡེ་ཚན་དུ་བྱས་ཏེ་དབྱེ་འབྱེད་གཏན་འཁེལ་བྱེད་པ་ལས་གང་འདོད་དུ་རྒྱ་སྐྱེད་གཏོང་མི་ཆོག

        རིམས་ནད་མཆེད་མིན་གསལ་ཆ་མེད་པའམ་ཡང་ན་སྡེ་ཁུལ་དུ་ཁྱབ་རྒྱ་ཆེ་རུ་འགྲོ་བའི་གནས་ཚུལ་ཐོན་ཚེ། ཉེན་ཁ་ཆེ་བའི་ཁུལ་དབྱེ་བ་འབྱེད་མཚམས་ཆེ་རུ་འོས་འཚམ་གཏོང་ཆོག

        ཉེན་ཁ་ཆེ་བའི་ཁུལ་དུ་ཉིན་5བསྟུད་མར་ནད་པ་གསར་པ་མ་ཐོན་ཚེ། ཉེན་ཁ་ཆུང་བའི་ཁུལ་དུ་རིམ་པ་གཅོག་དགོས།

    ཉིང་སྐྱུར་བརྟག་དཔྱད་ཀྱི་བླང་བྱའི་སྐོར།

        ཏོག་གསར་ནད་པ་དང་འབྲེལ་བ་དམ་ཟབ་བྱུང་མཁན་ཡིན་ཚེ། གཅིག་སྡུད་ལོགས་བཀར་ཁུལ་དུ་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ་བཅས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ་དང་། ཁྱིམ་དུ་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན་དང་པོ་དང་གསུམ་པ་སོ་སོར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས།

        ཉེན་ཁ་ཆེ་བའི་ཁུལ་ནས་སླེབས་པའི་མི་སྣ་ཡིན་ཚེ། ཁྱིམ་དུ་ལོགས་བཀར་བྱེད་པའི་ཉིན་དང་པོ་དང་། གསུམ་པ། ལྔ་པ། བདུན་པ་བཅས་སོ་སོར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས།

        བཀག་སྡོམ་ཁུལ་ནང་གི་ལས་མཇུག་སྒྲིལ་བའི་ཉེན་ཆེའི་ལས་གནས་སུ་ལས་ཀ་བྱེད་མཁན་ཡིན་ཚེ། ཉིན་དང་པོ་དང་། གསུམ་པ། ལྔ་པ་བཅས་སོ་སོར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས།

        རྒྱལ་ཁོངས་སུ་འཛུལ་མཁན་ཡིན་ཚེ། གཅིག་སྡུད་ལོགས་བཀར་ཁུལ་དུ་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ་བཅས་སོ་སོར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ་དང་། ཁྱིམ་དུ་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན་དང་པོ་དང་གསུམ་པར་ཁག་སོ་སོར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས། རྒྱལ་ཁོངས་སུ་འཛུལ་མཁན་གདགས་གཤིས་ཡིན་མིན་ཐག་གཅོད་པའི་ཚད་གཞི་ནི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་Ctཡི་སྟོན་གྲངས་དེ་35ལས་དམའ་བ་ཡོད་པ་ཁ་གསལ་བཟོས་ཡོད།

        རྒྱལ་ཁོངས་སུ་འཛུལ་བའི་གནམ་གྲུར་བཞུགས་མཁན་གྱིས་གནམ་གྲུར་མ་བཞུགས་གོང་ངེས་པར་དུ་ཆུ་ཚོད་48ནང་ཚུན་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་བྱས་པའི་སྲིབ་གཤིས་ཀྱི་འབྲས་བུ་མཁོ་འདོན་བྱེད་དགོས།

        ཞིང་ཆེན་ལས་བརྒལ་ནས་འགྲོ་སྐྱོད་བྱེད་མཁན་རྣམས“དམིགས་སར་འབྱོར་རྗེས་ཞིབ་དཔྱད་ཚད་ལེན”བྱེད་དགོས།

        སྤྱིར་ན་སྲིད་འཛིན་ས་ཁོངས་ཚད་གཞིར་བྱས་ཏེ་མི་སྣ་ཡོངས་ཀྱི་ཉིང་སྐྱུར་བཤེར་འཇལ་བྱ་མི་རུང་། “ཉིན་གཅིག་ལ་ཞིབ་བཤེར་ཐེངས་གཉིས”དང“ཉིན་གཅིག་ལ་ཞིབ་བཤེར་ཐེངས་གསུམ”སོགས་ཀྱི་ཚན་རིག་དང་མི་མཐུན་པའི་བྱེད་སྟངས་ཡོ་བསྲང་བྱ་དགོས།

“གཏམ་འཁེལ་མི་བྱ་རྒྱུ”གཅིག་དང“མེད་པ་བཟོ་རྒྱུ”གཅིག

        ཏོག་གསར་ནད་པ་དང་འབྲེལ་བ་དམ་ཟབ་བྱུང་བའི་མི་སྣར་དུས་ཐོག་དང་ཡང་དག་པའི་ངང་ཐག་གཅོད་བྱེད་པ་ལས། བརྒྱུད་འབྲེལ་བྱུང་བའི་མི་སྣ་ཟེར་བ་མེད་པར་བཟོ་རྒྱུ།

        རྒྱལ་ཁོངས་སུ་འཛུལ་བའི་དུས་གཏན་གནམ་གྲུ་གཏོང་མཚམས་འཇོག་པའི་ལམ་སྲོལ་མེད་པར་བཟོ་རྒྱུ།

    “ནན་འགོག”གཅིག་དང“བྱ་མི་ཆོག་པ”བཞི།

        ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ནས་གཅིག་གྱུར་བྱས་པའི་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ། རང་དགར་སློབ་སྒོ་བརྒྱབ་ནས་སློབ་མཚམས་འཇོག་པ་དང་། ལས་མཚམས་དང་ཐོན་སྐྱེད་བྱེད་མཚམས་འཇོག་པ། ཆོག་མཆན་མ་ཐོབ་པར་འགྲིམ་འགྲུལ་འགོག་པ། རང་དགར“འཇགས་རྣམ”དོ་དམ་བྱ་ཐབས་བཟུང་བ། རང་དགར་བཀག་སྡོམ་ཚོད་འཛིན་བྱེད་པ། དུས་ཡུན་རིང་པོར་བཀག་རྒྱ་མི་གློད་པ། རང་དགར་སྨན་ཁང་སྒོ་རྒྱག་པ་སོགས་འགན་འཁྲི་རིམ་སྣོན་གྱི་བྱ་སྤྱོད་གཏན་འགོག་བྱེད་དགོས།

        ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་དང་། དོས་དྲག་དང་ཉེན་ཆེའི་ནད་པ་མྱུར་སྐྱོབ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་ལས། རྒྱུ་མཚན་གང་རུང་ལ་བརྟེན་ནས་སྨན་བཅོས་དང་ལེན་མི་བྱེད་པ་དང་རང་འགན་གཞན་དཀྲི་བྱ་མི་ཆོག་པ་དང་། གྲོང་མིའི་སྨན་བཅོས་དང་སྨན་རྫས་སྤྱོད་པ་སོགས་ཀྱི་དགོས་མཁོར་འགན་ལེན་བྱ་དགོས།

        ས་གནས་ཁག་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་དང་སློབ་གསོའི་སྡེ་ཚན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་པོ་བྱས་ནས། ཚན་རིག་དང་མཐུན་པའི་ངང་གནད་འཕིགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་ལས། ཇེ་ནན་དུ་བཏང་ནས་དོ་དམ་ཚོད་འཛིན་བྱ་མི་ཆོག

        རིམས་ནད་ཐོན་རིང་ནུས་ཤུགས་ཡོད་རྒུས་ཟོག་འགྲེམས་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱེད་པ་ལས། ཐོན་ལས་ཕྲེང་ཐག་གི་ཁྱོན་ཡོངས་དང་དམངས་འཚོའི་མཁོ་སྤྲོད་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁེ་ལས་ལས་མཚམས་འཇོག་པ་དང་ཐོན་སྐྱེད་བྱེད་མཚམས་འཇོག་མི་རུང་བ་དང་། “མིང་ཐོ་དཀར་པོའི”ལམ་ལུགས་དོན་འཁྱོལ་ཡག་པོ་བྱ་དགོས།

        མི་སྣ་འབྱོར་ཡུལ་གྱི་དམིགས་སས་ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཕྱིར་ལུས་པའི་མི་སྣ་ཚུར་ལོག་རྒྱུར་དང་ལེན་མི་བྱེད་པའི་རིགས་མི་ཐོན་པ་བྱེད་པ་མ་ཟད། བླང་བྱ་ལྟར་ཕྱིར་ལོག་མི་སྣའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། རིམས་ནད་ཕྱི་ལོག་ཏུ་མི་མཆེད་པ་བྱ་དགོས་ལ་འགན་འཁྲི་ཇེ་ནན་དུ་བཏང་ནས་དོ་དམ་ཚོད་འཛིན་ཡང་བྱ་མི་ཆོག

 ཕྱོགས་འདི་དག་ཐད་ལ་ཤུགས་སྣོན་རྒྱག་དགོས།

        སྨན་བཅོས་ཐོན་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་ཁང་དུ་སྡོད་པའི་ཉལ་ཁྲི་དང་ནད་ལྕིའི་ཉལ་ཁྲི་གྲ་སྒྲིག་ལེགས་པོ་བྱ་དགོས།

        རིམས་འགོག་སྨན་ཁབ་ཁེབས་ཁྱོན་ཆེ་རུ་བཏང་ནས་ནད་འགོག་མ་ལག་ཤུགས་ཆེར་གཏོང་བ་དང་། ལྷག་པར་དུ་རྒན་རྒོན་མི་ཚོགས་ལ་རིམས་འགོག་ཁབ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས།

        མྱུར་སྐྱོབ་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་གསོག་འཇོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

        གཅིག་ཐོག་གཉིས་སྣོན་གྱི་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་རིགས་ཁག་གི་གཙོ་འགན་སྡེ་ཁག་གིས་ལས་རིགས་ཁོངས་གཏོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔེ་མཚོན་གྱོད་གཞི་དམར་རྗེན་དུ་འདོན་ཤུགས་ཆེ་རུ་གཏོང་དགོས།

        བཀག་སྡོམ་དང་ལོགས་དབྱེ་བྱེད་མཁན་ལ་ཞབས་འདེགས་ཞུ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

        སློབ་གྲྭ་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཉམ་འགོག་མཉམ་སྡོམ་བྱས་ཏེ་སློབ་གྲྭའི་ནང་གི་རིམས་ནད་འཕྲལ་བསྟུན་ཐག་གཅོད་བྱེད་པར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

        ཁེ་ལས་དང་བཟོ་ལས་གླིང་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་དགོས། འགག་རྩའི་ལས་གནས་དང་འགག་རྩའི་ལས་རིམ་གྱི་ལས་བཟོ་པའི་འཚོ་བ་དང་། རིམས་འགོག། ལས་རེས། གྲ་སྒྲིག་མི་སྣ་བཅས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གསུམ་པའི་ཕྱི་ཕྱོགས་ལ་འགན་གཙང་སྤྲད་པའི་མི་སྣར་དོ་དམ་བྱེད་ཐབས་ལེགས་སུ་གཏོང་བ། སྤྱི་ཚོགས་ངོས་ཀྱི་མི་སྣ་འགྲོ་འོང་བྱེད་པའི་ཐད་དོ་དམ་ནན་པོ་བཅས་བྱ་དགོས།

        ལེགས་སྒྲིག་སྲིད་ཇུས་ལ་གོ་བ་ལེན་ཤུགས་ཆེ་རུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་སུ་བཏང་བར་ངོས་འཛིན་བྱེད་ཤུགས་སྔར་བས་གང་ལེགས་ཐུབ་པ་བྱེད་པ་ནི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དེ་བས་ཚན་རིག་དང་མཐུན་པ་དང་གནད་འཕིགས་ཡོང་ཆེད་ཡིན་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་རྩ་བ་ནས་གཏོང་མི་རུང་ལ། ཐ་ན་རྦད་དེ་གློད་པ་དང་། “བློས་གཏོང་བྱས་པ”མིན་ནམ་སྙམ་པའི་གོ་བ་ལོག་སྒྲུབ་བྱ་མི་རུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1