མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་འགྲེམས་ཁང་དུ་2018ལོའི་ཤེའུ་བང་སོ་ཨང་དང་པོའི་ཚན་རིག་གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བའི་སེང་གེ་གཉིས་ལྡན་གྱི་ཉི་ཟླའི་གསེར་རྟགས་དང་། གཡུ་ཡིས་ཁྲ་རྒྱན་པའི་སྐྲ་འཛར་དང་གསེར་གྱི་ཕྲེང་བ། མ་ན་ཧོའི་ཕྲེང་བ་སོགས་རྩ་ཆེའི་རིག་དངོས་མང་པོ་མཐོང་རྒྱུ་ཡོད་པ་རེད། རེས་སྐོར་འདིའི་ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་གྲོང་མིའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་ཆེད“སྤྲིན་ཐོག་ནས”འགྲེམས་སྟོན་ལ་ལྟ་བའི་བྱེད་སྒོ་སྤེལ་བ་དང་། པར་རིས་དང་བརྙན་མཐོང་། ཡི་གེ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་མི་ཚོ་ཕྱིར་བསྐྱོད་མི་དགོས་པར་མཚོ་སྔོན་གྱི་དུར་སའི་རྗེས་ཤུལ་ཤེས་རྟོགས་ཐུབ་པ་བྱས་ཡོད།
དུར་ལམ་ཆུ་ཁོལ་2018ལོའི་ཤེའུ་བང་སོ་ཨང་དང་པོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཆུ་ཁོལ་ཤང་གི་ས་ཁོངས་སུ་གནས་པ་དང་1982ལོར་གནའ་རྫས་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་དང་འབྲེལ་མིང་ཡང་ཐོགས།
བང་སོའི་ཁྱུ་ཚོགས་ནི་ཆུ་ཁོལ་ཤང་ཁྲ་ཧན་ཝུའུ་སུའུ་གཙང་པོའི་ལྷོ་བྱང་ངོགས་གཉིས་སུ་གནས་པ་དང་མང་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400ནས་3500བར་གྱི་སར་གནས་ཡོད།
རིགས་གཅིག་མཁས་ཅན་གྱིས་ཆུ་ཁོལ་བང་སོ་ནི་དུས་རབས་6པ་ནས་8པའི་བར་གྱི་དུར་ཚོགས་གལ་ཆེན་ཞིག་ཡིན་ཞིང་། དེའི་ཁྲོད་ནས་ཐོན་པའི་རིག་དངོས་འབོར་ཆེན་ཞིག་གིས་རྒྱལ་རབས་བྱང་མ་ནས་སུའེ་དང་ཐང་རྒྱལ་རབས་བར་གྱི་མཚོ་སྔོན་ལམ་ནི་དར་གོས་ལམ་བུའི་མ་ལམ་གལ་ཆེན་ཞིག་ཡིན་པ་དང་། དུར་ལམ་ནི་ཤར་ཕྱོགས་དང་ནུབ་ཕྱོགས་ཚོང་དོན་གྱི་བར་བརྒྱུད་ས་ཚིགས་ཤིག་ཡིན་པ་ར་སྤྲོད་ནུས་ལྡན་ཐུབ་ཡོད་ཅེས་བཤད་པ་རེད།
ཉེ་བའི་ལོ་ཤས་རིང་། ཆུ་ཁོལ་བང་སོའི་ཚོགས་ལ་ཚན་རིག་དང་མཐུན་པའི་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་སྲུང་སྐྱོང་བྱས་པ་བརྒྱུད་རིག་གཞུང་གི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་ནས་རིག་གཞུང་ལས་རིགས་ཁྲོད་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། 2018ལོ་ནས་བཟུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་2018ལོའི་ཤེའུ་བང་སོ་ཨང་དང་པོ་སྔོག་འདོན་བྱས་པ་རེད།
མིག་སྔའི་བར་2018ལོའི་ཤེའུ་བང་སོ་ཨང་དང་པོ་ནས་གསེར་དངུལ་གྱི་ཡོ་བྱད་དང་ཟངས་ཆས། ལྕགས་ཆས། ཚོན་རྩིའི་ཡོ་བྱད། ཀོ་བ། གཡང་ཊིའི་བཟོ་ཆས། ཤེལ་ཆས། འཁལ་འཐག་ཐོན་རྫས་སོགས་རིག་དངོས་སྣ་ཚོགས་1000ལྷག་ཙམ་ཐོན་ཡོད། རིག་དངོས་ཁག་གཅིག་ལ་ཨེ་ཤེ་ཡ་ནུབ་མའི་ས་ཧྲན་སྟག་གཟིག་དང་ཨེ་ཤེ་ཡ་དབུས་མའི་སུའུ་ཐིག་སོགས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཞིང་། དེ་ལས་དུར་ལམ་ས་ཁུལ་འདི་ཉིད་དར་གོས་ལམ་བུའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཤར་ནུབ་རིག་གནས་སྤེལ་རེས་ཁྲོད་འབྲེལ་ཟམ་དང་ལྟེ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་ར་སྤྲོད་བྱས་ཡོད།
2019ལོའི་ཟླ་6པའི་ཚེས་24ཉིན། རྒྱལ་ཁབ་རིག་དངོས་ཅུས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བཅས་ཕྱོགས་གསུམ་པོས་ཆུ་ཁོལ་བང་སོའི་ཚོགས་ལ་མཉམ་དུ་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིའི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད། གྲོས་མཐུན་འཇོག་པ་གོ་སྐབས་སུ་བྱས་ནས་རིག་ཚན་མང་བ་དང་ལས་ཁུངས་མང་པོའི་མཉམ་ལས་ཧུར་ཐག་བྱས་ཏེ་རྟེན་གཞི་དེ་གནའ་རྫས་རྟོག་ཞིབ་དང་སྲུང་སྐྱོང་། ཞིབ་འཇུག ཚན་རིག་ཞིབ་འཇུག གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལྟེ་གནས་དང་། སྒོ་དབྱེ་དང་ཁོང་ཡངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལྟེ་གནས་ཤིག་ཏུ་བསྐྲུན་ནས་ཆུ་ཁོལ་བང་སོའི་ཚོགས་ཀྱིས་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་མ་ལག་གཏོད་པའི་ཁྲོད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།